འདི་ནི་བོད་བྱང་ཐང་གི་རྟ་རྒྱུག་སྦྱོང་བརྡར་རྟེན་གཞིར་དོ་དམ་པ་ལྷུན་གྲུབ་ཀྱིས་རྟེའུ་ལ་ལྟ་རྟོག་བྱེད་བཞིན་པ།
བསྟན་འཛིན་ནོར་བུ་ནི་ཤན་རྩ་རྫོང་གཞུང་སྨད་གྲོང་རྡལ་ལྗག་ཤོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་གྱ་ལྔ་ནང་སྐྱེས་ཀྱི་ཁོང་གིས་ལྗག་ཤོང་གྲོང་ཚོའི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཆེད། གྲོང་ཚོའི་དུད་ཚང་དབུལ་པོའི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པས་རྗེས་ལུས་ཀྱི་ལྗག་ཤོང་གྲོང་ཚོ་བོད་བྱང་ཐང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གྱུར་ཡོད་པ་རེད།
དབུལ་ཞྭ་ཕུད་པ།
དེ་སྔའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ།
དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་བཏོན་ཏེ་དབུལ་སྒྲོལ་ནི་གཟི་བརྗིད་ཡིན་པའི་རྣམ་པ་བཟང་པོ་བཏོད་པ་མ་ཟད། དབུལ་སྒྲོལ་གྱི་དཀའ་གནད་ཆེན་པོ་དང་མང་ཚོགས་དབུལ་པོ་དབུལ་རྐྱང་ལ་རོགས་རམ་བྱེད་པའི་ལས་དོན་སྤེལ་ནས་སྔོན་ཐོན་ལ་སྐུལ་འདེད་བཏང་ཡོད། “སྣེ་གཉིས་ལ་དམ་འཛིན་དང་དབུས་ཀྱི་སྣེ་ཁྲིད་པའི”དབུལ་སྒྲོལ་ལས་ཀའི་བསམ་ཕྱོགས་བསྟན་འཛིན་ནོར་བུས་སློབ་སྦྱོང་བྱེད་མཁས་པོ་དང་སྤྱོད་མཁས་པོ་བྱས་ཏེ་ལྗག་ཤོང་གྲོང་ཚོར་གསོན་ཉམས་ལྡན་པའི་ངང་མངོན་ཐུབ་པར་བྱས་པ་རེད།
འབྲོག་པ་གཡང་གྲུབ་ལ་ཕྱུགས་རིགས་དང་རྩྭ་ར་མེད་པས་2006ལོར་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ལ་གཏན་འཁེལ་བྱས་ཡོད། ཡར་རྒྱས་བརྩོན་ལེན་མི་བྱེད་མཁན་ཁོང་ལ་ལུས་ཤུགས་ཆེན་པོ་ཡོད་རུང་དབུལ་སྒྲོལ་ཕྱུག་འགྱུར་གྱི་བློ་ཁོག་མེད་སྟབས་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་གཏན་ནས་བྱུང་མེད།
བསྟན་འཛིན་ནོར་བུའི་རྒྱུན་སྲིང་ལྷོད་མེད་ཀྱི་སྣེ་ཁྲིད་འོག་གཡང་གྲུབ་ཀྱི་བསམ་བློར་འགྱུར་ལྡོག་གཏོང་ཐུབ་ཡོད། 2009ལོར་གཡང་གྲུབ་ཀྱིས་དངུལ་གཡར་ནས་འདྲུད་འཐེན་འཕྲུལ་འཁོར་གཅིག་ཉོས་ཏེ་གྲོང་ཚོའི་ནང་སྐྱེལ་འདྲེན་ལས་ལ་གཞོལ་ཡོད། གཡང་གྲུབ་ལ་དབུལ་སྒྲོལ་གྱི་ཆོད་སེམས་ཡོད་པ་མཐོང་སྐབས་བསྟན་འཛིན་ནོར་བུས་སླར་ཡང་ཁོང་ལ་རོགས་པ་བྱས། 2011ལོར་ཁོང་གིས་མ་དངུལ་བཏོན་ནས་གཡང་གྲུབ་དང་མཉམ་དུ་ཇ་ཁང་ཞིག་བཙུགས་པ་དང་དེ་རྗེས་གཡང་གྲུབ་གྲོང་ཁྱེར་ནས་སྒྲིག་འཛུགས་བྱས་པའི་རྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བའི་གསོ་སྦྱོང་ནང་ཞུགས་རྒྱུའི་སྐུལ་སློང་བྱས། 2014ལོར་གཡང་གྲུབ་ཀྱིས་རྐོ་འདྲུའི་འཕྲུལ་འཁོར་ཞིག་ཉོས་ནས་ཉེ་འགྲམ་གྱི་འཛུགས་སྐྲུན་ལས་ཡུལ་དུ་ལས་ཀར་བསྐྱོད་ཡོད། ད་ཆ་གཡང་གྲུབ་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་30ཟིན་གྱི་ཡོད་པ་རེད།
“ད་ཆ་ངའི་ཁྱིམ་ཚང་གི་འཚོ་བ་ཡག་པོ་འདི་ལྟ་བུ་སྐྱེལ་རྒྱུ་བྱུང་བས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ནོར་བུར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད། དེ་སྔའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ད་ཆ་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་བ་དང་གཡང་གྲུབ་ལ་སྔ་རྗེས་སུ་འགྱུར་ལྡོག་ཆེན་པོ་བྱུང་ནས་ལྗག་ཤོང་གྲོང་ཚོའི་དབུལ་ཕོངས་ནས་ཕྱུག་པོའི་ཕྱོགས་སུ་བསྐྱོད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
ཐོན་ལས་དར་བ།
གྲོང་ཚོ་ཡོངས་ཀྱི་42%བཟུང་བའི་དུད་ཚང་དབུལ་པོ་དབུལ་སྒྲོལ་བྱུང་བ།
སྲོལ་རྒྱུན་གྱི་འབྲོག་ལས་ལ་ཕྱོགས་སྐབས་བསྟན་འཛིན་ནོར་བུས་ཕྱོགས་གཅིག་ནས་དཔེ་སྟོན་སྣེ་ཁྲིད་དང་བློ་སྐྱོར་རིག་སྐྱོར་སོགས་ཀྱི་བྱེད་ཐབས་སྤྱད་དེ་འབྲོག་པ་ཚོའི་དབུལ་སྒྲོལ་གྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་ཡུལ་བབ་དང་བསྟུན་ཏེ་ཐབས་ལམ་སྣ་མང་ལ་བརྟེན་ཏེ་འབྲོག་ལས་གཉེར་སྐྱོང་བྱས་ཏེ་འབྲོག་པར་ཡོང་འབབ་གསོག་ཐུབ་པ་བྱས་པ་རེད།
“སྐབས་དེ་དུས་རྒྱལ་ལམ་317བཟོ་ཡི་ཡོད་པས་ང་ཚོས་ཆུ་ཡུར་སྤྱི་ལེ་3འགན་གཙང་བླངས་པ་ཡིན། མི་རེར་ཉིན་རེར་གླ་ཆ་སྒོར་130ཡོད་པས་ཚང་མའི་ངར་ཤུགས་འཕེལ་ཡོད”གྲོང་ཚོ་དེ་གའི་ལག་རྩལ་ཤེས་པ་དང་དཀའ་ལས་རྒྱག་ཐུབ་མཁན་ངལ་ནུས་ལས་ཀའི་ནང་ཞུགས་ཆེད། 2012ལོར་ཤན་རྩ་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག་བསྟན་འཛིན་ནོར་བུས་མི་25ལས་གྲུབ་པའི་ལྗག་ཤོང་གྲོང་ཚོའི་འབྲོག་པའི་ཨར་ལས་རུ་ཁག་སྒྲིག་འཛུགས་བྱས་ཏེ་བཙུགས་པ་དང་། མིག་སྔའི་བར་འབྲོག་པའི་ཨར་ལས་རུ་ཁག་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་50ལྷག་ཙམ་བྱུང་ཡོད་པ་རེད།
2013ལོར་བསྟན་འཛིན་ནོར་བུས་འབྲོག་པ་ཚོའི་སྣེ་ཁྲིད་དེ་གྲོང་ཚོའི་ཡུན་རིང་བེད་མེད་དུ་ལུས་པའི་རྩྭ་ར་གསར་སྤེལ་བྱས་ཏེ་རྩྭ་ར་མུའུ་2500ལྷག་ཙམ་ལ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྣམ་གྲངས་ལག་བསྟར་བྱས་པ་རེད།
ལེགས་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ་འབྲོག་ལས་སྣ་མང་གཉེར་སྐྱོང་བྱས་པས་ལྗག་ཤོང་གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ཡོད། 2017ལོའི་ལོ་མཇུག་ཏུ་ལྗག་ཤོང་གྲོང་ཚོ་གཞུང་སྨད་གྲོང་རྡལ་གྱི་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་བྱུང་མཁན་ཐོག་མ་དེར་གྱུར་ཡོད།
དར་རྒྱས་ཡོང་ཐབས་བྱས་པ།
རྗེས་ལུས་ཀྱི་ལྗག་ཤོང་གྲོང་ཚོ་འབྱོར་འབྲིང་དཔེ་སྟོན་ཁུལ་དུ་འགྱུར་བར་བྱས་པ།
སྣོད་བཅུད་ནི་རྩྭ་ཐང་ཐོག་བབ་ཆགས་ཤོས་ཀྱི་མཛེས་ལྗོངས་ཤིག་ཡིན་པ་དང་། འཕེལ་རྒྱས་ནི་གྲོང་གསེབ་ཀྱི་ལྟ་ན་སྡུག་ཤོས་ཀྱི་རྣམ་པ་ཞིག་ཡིན་པ། ཏང་ཡོན་ནི་ས་མཐོའི་ཐོག་དམར་མདངས་བཀྲ་ཤོས་ཀྱི་དར་ཆ་ཞིག་རེད།
འབྲོག་པའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་བུའི་ཐོག་བསྟན་འཛིན་ནོར་བུས་དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་ཏེ་ལྗག་ཤོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་དེ་སེམས་ནུས་ཡོད་རྒུས་འབྲོག་པ་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་ཡོད་པ་རེད། 2017ལོའི་ལོ་མཇུག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་36དང་མི་177ཚང་མ་དབུལ་སྒྲོལ་ཐུབ་པ་དང་། 2019ལོར་གྲོང་ཚོའི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7909ཟིན་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་80ཟིན་ཡོད་པ་རེད།
ད་ཆ་ལྗག་ཤོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་དབུལ་སྒྲོལ་གྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་མཐོ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་གཞུང་སྨད་གྲོང་རྡལ་གྱི་སྐྱིད་གཤོངས་འབྲོག་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་དང་། ལྗག་ཤོང་གྲོང་ཚོའི་ལུག་ཐུག་རྒྱུད་སྤེལ་རྣམ་གྲངས། འབྲི་གཡག་རྒྱགས་གསོའི་དབུལ་སྐྱོར་རྣམ་གྲངས་སོགས་བཙུགས་ནས་ལོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2000ཡན་ཡོང་བའི་འགན་ལེན་བྱས་པ་རེད།