ངས་སླར་ཡང་གནད་དོན་ཞིག་ནན་བཤད་བྱེད་རྒྱུ་ཡིན། དེ་ནི་དབུལ་སྒྲོལ་འགག་སྒྲོལ་བྱེད་པར་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་དགོས་པ་ལས་རིམ་པ་བཞིན་གནོན་ཤུགས་སྤྲོད་མི་རུང་ལ། དོན་དངོས་དང་མི་མཐུན་པའི་དམིགས་ཚད་འདོན་མི་རུང་། ང་ཚོས་མི་འབོར་དབུལ་པོར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བྱེད་དགོས་པ་མ་ཟད། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་ཡིན། དེ་ནི་སྔོན་མའི་ཤོད་རྒྱུན་དུ“དབུལ་པོ་དབུལ་རྐྱང”ཟེར་བའི་གནད་དོན་སེལ་རྒྱུ་དེ་ཡིན། ད་ཆ་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི“སེམས་ཁྲལ་མེད་པ་གཉིས”ཀྱི་གནད་དོན་སེལ་རྒྱུ་ནི་ལས་སླ་པོ་རེད། འོས་འགན་སློབ་གསོར་འགན་ལེན་བྱེད་རྒྱུ་ནི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གིས་ལོ་དགུའི་འོས་འགན་སློབ་གསོ་མྱོང་ཐུབ་པ་བྱེད་རྒྱུ་དེ་ཡིན་པ་ལས། སློབ་ཞུགས་གོང་གི་སློབ་གསོ་དང་། མཐོ་རིམ་སློབ་འབྲིང་། སློབ་ཆེན་བཅས་ཚང་མ་འགན་ལེན་བྱེད་རྒྱུ་དེ་མིན། གཞི་རྩའི་སྨན་བཅོས་ལ་འགན་ལེན་བྱེད་རྒྱུ་ནི་མི་འབོར་དབུལ་པོའི་རྒྱུན་མཐོང་ནད་དང་ཡང་སེ་ན་བའི་ནད་གཞི་སྨན་བཅོས་ཐུབ་པ་དང་། ཐ་ན་ནད་གཞི་ཚབས་ཆེན་ཕོག་ཀྱང་གཞི་རྩའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་ཡིན་པ་ལས། སྲིད་གཞུང་གིས་ནད་གཞི་ལྟ་བའི་དངུལ་ཚང་མ་འགན་གཙང་ལེན་རྒྱུ་དེ་མིན། སྡོད་ཁང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་རྒྱུ་དེ་ནི་མི་འབོར་དབུལ་པོ་ཉེན་ཁང་དང་རྩྭ་སྤྱིལ་དུ་སྡོད་མི་དགོས་པ་བྱེད་རྒྱུ་དེ་ཡིན་པ་ལས། ཚད་གཞི་ལས་འགལ་བའི་ཁང་པ་ཆེན་པོའི་ནང་སྡོད་དུ་འཇུག་རྒྱུ་དེ་མིན། ནད་གཞི་དང་སློབ་སྦྱོང་རྐྱེན་གྱིས་དབུལ་པོ་ཆགས་པ་དང་དབུལ་པོ་རང་ལོག་མི་ཡོང་བ་བྱེད་རྒྱུ་དེ་ནི་དབུལ་པོ་དབུལ་རྐྱང་གི་གནས་སུ་མི་ལྷུང་བ་དང་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པའི་གནས་སུ་མི་ལྷུང་བ་བྱེད་རྒྱུ་དེ་ཡིན།
——《ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》(2017ལོའི་ཟླ་12ཚེས་28ཉིན)