དབུ་ཤོག>ཆེད་སྒྲིག
  • ཏིང་ཡེ་ཤན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-16

     ཚེས་13དང་14ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་ལྷོ་ཁ་གྲོང་ཁྱེར་གྱི་གྲ་ནང་རྫོང་དང་། སྣེ་གདོང་ཆུས། གོང་དཀར་རྫོང་བཅས་སུ་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་གཙོ་གནད་ཐོག་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཏང་འཛུགས་སྐྱོང་གི་སྤྱི་འདོམས་མཐའ་འཁྱོངས་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་དངོས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་སྔ་རྗེས་སུ་གྲ་ནང་རྫོང་དབང་པོ་སྐྱོན་ཅན་དབུལ་སྐྱོར་ལས་ཞུགས་ཚད་ཡོད་འགན་འཁྲི་ཀུང་སི་དང་། གྲ་ཐང་གྲོང་རྡལ་ཡང་དགའ་གྲོང་ལྷན་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ཞིང་པའི་ཆེད་ལས་མཉམ་ལས་ཁང་། གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་རྟེན་གཞི་སོགས་སུ་ཕེབས་ནས། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་དང་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད།  ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་སེལ་རོགས་གནང་བ་རེད། ཁོང་གིས་དམངས་གཉེར་ཁེ་ལས་ཁག་གིས་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཁྲོད་ཕྱོགས་གཅིག་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་གཅིག་ཤོས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་འཛུགས་པ་དང་། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། དེ་བས་བརྟན་པའི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཛུགས་པ་བཅས་བྱས་ནས་མང་ཚོགས་དེ་བས་མང་བར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས“གཡོ་འགུལ་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་གསར་གཏོད་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་ལྕག་བཅས་བྱས་ཏེ་དམངས་གཉེར་ཁེ་ལས་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དེ་བས་ལེགས་པའི་ཁོར་ཡུག་གཏོད་དགོས་ཞེས་གསུངས་པ་རེད།

    གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་དང་། སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་། གོང་དཀར་རྫོང་འཕྲེང་འགོ་ཤང་མཐུན་སྒྲིལ་གྲོང་གསར་བཅས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་སྐབས། ཏིང་ཡེ་ཤན་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཕེབས་ནས་ཁྱིམ་ཚང་གི་གནས་ཚུལ་དང་། འཚོ་བའི་འགྱུར་ལྡོག འཕེལ་རྒྱས་བཅས་གླེང་གནང་བ་རེད། ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་གནས་སྤོས་མང་ཚོགས་ཚེ་རིང་གཡང་སྐྱིད་ཀྱིས་མྱོང་བ་ཟབ་མོས“དཔེ་ཆ་བཀླགས་ནས་བསྡད་ན་དངུལ་སྐར་མ་གཅིག་ཀྱང་རག་མི་ཐུབ་པ་དང་ལྷར་བསྐྱབས་བཅོལ་ན་ནད་གཞི་བཅོས་མི་ཐུབ། དེ་ལས་ཏང་གི་སྲིད་ཇུས་བཟང་པོའི་འོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ན། གཞི་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ”ཅེས་བརྗོད།

    བརྟག་ཞིབ་གནང་སྐབས་ཏིང་ཡེ་ཤན་གྱིས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཆབ་སྲིད་ཀྱི་བྱས་རྗེས་གལ་ཆེ་ཤོས་ལ་བརྩིས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་དྲིལ་བསྒྲགས། མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྣོད་བཅུད་སོགས་སྒྲིག་འཛུགས་ཀྱིས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ཀྱི་དར་རྒྱས་མངོན་འགྱུར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རྟོག་ཞིབ་གནང་རིང་། ཏིང་ཡེ་ཤན་གྱིས་ད་དུང་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་དང་སྨིན་གྲོལ་གླིང་དགོན་པར་བརྟག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།