རི་ཁུག་ནས་སྤོས་ཏེ་ཕྱུག་འགྱུར་ལམ་བུར་བསྐྱོད་པ།
འདི་ནི་འབྲི་རུ་རྫོང་གི་ལྷོ་ངོགས་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་གནས་སྤོས་དུད་ཚང་ཚོས་ཁང་པ་བགོ་བའི་ཐོ་འགོད་བཞིན་པ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འབྲི་རུ་རྫོང་གིས་གྲོང་ཤར་དང་། གྲོང་ནུབ། ལྷོ་ངོགས། སྤུ་ཆུ་བཅས་ཀྱི་གནས་སྤོ་བྱ་ཡུལ་བཞིར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་627གྱི་མི་གྲངས་2618བཀོད་སྒྲིག་བྱས་པའི་ནང་ལྷོ་ངོགས་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གནས་སུ་དུད་ཚང་269ཡི་མི་གྲངས་995བཀོད་སྒྲིག་བྱས་ཡོད་པ་རེད།
གནས་སྤོ་བྱ་ཡུལ་དུ་སླེབས་མ་ཐག་གསར་འགོད་པར་བརྐོ་འདྲུའི་འཕྲུལ་འཁོར་གྱི་ལྡིར་སྒྲ་ཐོས་པ་དང་དེ་གར་ནི་དུས་ཐེངས་གཉིས་པའི་ལས་གྲྭའི་སྔོ་འགྱུར་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། ཁོད་ཡངས་པའི་གཞུང་ལམ་དང་། ཐོག་ཁང་གསར་རྐྱང་། ཉི་ནུས་ལམ་སྒྲོན། ས་འོག་རླངས་འཁོར་འཇོག་ས་བཅས་གནས་སྤོ་བྱ་ཡུལ་གྱི་དེང་རབས་ཅན་གྱི་ཚད་གཞི་དང་གྲོང་ཁྱེར་བ་ལྟར་གྱི་འབྲོག་པའི་འཚོ་བར་གསར་འགོད་པ་ཧང་སངས།
གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱུང་ཞིང་། འབྲི་རུའི་རི་ཁུག་ནས་སྤོས་པའི་འབྲོག་པ་ཚོས་ཏང་དང་སྲིད་གཞུང་གི་རོགས་རམ་དང་ཁྲིད་སྟོན་འོག ཁོང་ཚོའི་ཕ་མེས་ཚོས་འགྲོ་མ་མྱོང་བའི་ལམ་བུ་ཞིག་ཏུ་བསྐྱོད་དེ། བསམ་བློར་འགྱུར་ལྡོག་ཧུར་ཐག་བཏང་བ་དང་འབད་འབུངས་ཆེར་སྐྱེད་ཀྱིས། རྒྱལ་མོ་རྔུལ་ཆུའི་ངོགས་ཀྱི་ས་གཞི་ཆེ་མོའི་སྟེང་རྔུལ་ཆུར་བརྟེན་ནས་དུས་རབས་གསར་པའི་བྱང་ཐང་འབྲོག་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་མཆིས།
གནས་སྤོ་ཐུབ་པ། རི་ཁུག་ནས་སྤོས་ཏེ་དབུལ་པོ་དྲུང་ནས་འབྱིན་པ།
ལོ་50ལ་སླེབས་པའི་ཆོས་མཚོའི་ཁྱིམ་ལ་མི་4ཡོད་པ་དང་། བཟའ་ཟླ་ཕུར་བུ་དོན་གྲུབ་དབྱར་རྩྭ་དགུན་འབུ་འཐུ་བར་སོང་ནས་ཁྱིམ་དུ་ཁོང་དང་བུ་མོ་གཉིས་ལས་མེད། བུ་མོ་རྒན་པ་པ་སངས་སྒྲོལ་མ་འདི་ལོ་ལོ་14ལ་སླེབས་མོད། འོན་ཀྱང་ཕྲུ་གུ་ལོ་བརྒྱད་དགུ་ཙམ་གྱི་གཟུགས་སྟོབས་ལས་མེད། མིག་སྔར་རྫོང་སློབ་ཆུང་གཉིས་པར་ལོ་རིམ་དྲུག་པ་འགྲིམ་བཞིན་ཡོད། ཁོང་གི་ཨ་མ་ཆོས་མཚོས་བཤད་པ་ལྟར་ན་ཁོང་ལ་གཅོང་ནད་ཕོག་ནས་ཐང་པོ་མེད་པ་དང་། འདི་ལོ་ལོ་གཉིས་ལས་སླེབས་མེད་པའི་བུ་མོ་ཆུང་བ་གཡུ་སྒྲོན་གམ་དུ་རྩེད་མོ་རྩེ་བཞིན་འདུག
“ངེད་ཚོའི་ཁྱིམ་ནི་2017ལོའི་ཟླ་8པར་ཤག་ཆུ་གྲོང་རྡལ་གྱི་གྲོང་ཚོ་དགུ་པ་ནས་འདི་གར་སྤོས་པ་རེད། གྲོང་ཚོ་དགུ་པར་ས་བབ་མཐོ་ལ་ལམ་ཐག་རིང་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བའི་ཁར་རྩྭ་ར་དང་ཕྱུགས་ཟོག་མེད་སྟབས། ལོ་ལྟར་དབྱར་རྩྭ་དགུན་འབུ་འཐུ་བའི་ཡོང་འབབ་སྒོར་ཁྲི་2ལས་མེད”ཅེས་སྔོན་ཆད་ཁྱིམ་ཚང་གི་དཀའ་སྡུག་གླེང་བཞིན་དུ་ཆོས་མཚོ་མཆི་མ་དབང་མེད་དུ་ཤོར།
ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་ནི་ཆོས་མཚོའི་ཁྱིམ་དབུལ་པོ་ཆགས་རྐྱེན་གཙོ་བོ་ཡིན་ཞིང་། ཆོས་མཚོར་མཁྲིས་རྡོའི་ནད་ཕོག་པའི་ཁར་བུ་མོ་རྒན་པའི་གཟུགས་གཞི་གཅོང་པོ་ཡོད་རྐྱེན་མཉམ་ལས་སྨན་བཅོས་ཀྱི་འགྲོ་གྲོན་རྩིས་ཞུ་བྱེད་པ་ཕུད་ནད་བསྟེན་པ་ཁོ་ནར་སྒོར་ཁྲི་4ལྷག་ཙམ་གཏོང་དགོས་ཀྱི་ཡོད།
གྲོང་ཚོ་དགུ་པའི་ས་ཞིང་གིས་ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་གསོ་ཐུབ་ཀྱི་མེད། དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་ཆེད། ཡུལ་དེའི་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཚོ་དགུ་པའི་འབྲོག་པ་རྣམས་རྫོང་གྲོང་གི་ལྷོ་ངོགས་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་སྤོ་རྒྱུའི་སྐུལ་སློང་ཧུར་ཐག་བྱས་ཐོག་ཁྱིམ་ཚང་རེ་རེ་བཞིན་ལ་བསམ་བློའི་སློབ་གསོ་བརྒྱབ་ཡོད།
ཐོག་མར་ཆོས་མཚོ་སྐྱེ་ཡུལ་ནས་སྤོ་འདོད་གཏན་ནས་བྱེད་ཀྱི་མེད། ཁོང་གིས་བཟའ་ཟླ་ཕུར་བུ་དོན་གྲུབ་ལ“དེ་གར་དབུལ་པོ་ཡིན་རུང་ངའི་ཁྱིམ་ཡོད་པས་ཁ་བྲལ་འདོད་མི་འདུག”ཅེས་བཤད།
བཟའ་ཟླས་ཁ་ཏ་བྱས་པ་བརྒྱུད། མཐར་ཆོས་མཚོས་གནས་སྤོ་རྒྱུའི་མོས་མཐུན་བྱས། 2017ལོའི་ཟླ་8པར། ཁོང་ཁྱིམ་དང་གནས་སྤོས་དུད་ཚང་གཞན་དག་མཉམ་དུ་ད་ཆའི་སྨི་ངོས་གྲུ་86ཡོད་པའི་ལྷོ་ངོགས་ཁུལ་གསར་གྱི་སྡོད་ཁང་གསར་པའི་ནང་སྤོས།
ད་ཆ་ཆོས་མཚོ་ཁུལ་གསར་གྱི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཡིན་ཞིང་། ཟླ་རེར་གླ་ཆ་སྒོར་3500ཡོད་པར་ལོ་གཅིག་ལ་ཁྱོན་ཡོང་འབབ་སྒོར་ཁྲི་4.2ཟིན་པ་དང་། བཟའ་ཟླ་ཕུར་བུ་དོན་གྲུབ་རྫོང་གྲོང་གི་ཚན་པ་ཞིག་ཏུ་གཙང་སྦྲའི་ལས་ཀ་བྱེད་ཅིང་། ཟླ་རེར་གླ་ཆ་སྒོར་2600(དབྱར་རྩྭ་དགུན་འབུ་འཐུ་བའི་ཟླ་གཉིས་རིང་གླ་ཆ་མེད་པ)ཡོད་པར་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་2.6ཟིན་གྱི་ཡོད། དེའི་ཁར་རྩྭ་རའི་ཁ་གསབ་དང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་སྐྱོར། མཉམ་ལས་ཁང་གི་ཁེ་སྤོགས། དབྱར་རྩྭ་དགུན་འབུའི་ཡོང་འབབ་སོགས་ལོ་གཅིག་ལ་ཁྱིམ་གྱི་ཡོང་འབབ་སྒོར་ཁྲི་10ཙམ་ཟིན་གྱི་ཡོད་པ་རེད།
གཞིས་ཆགས་ཐུབ་པ། ངེད་ཚོའི་ཁྱིམ་གསར་ཡག་པོ་སྐྲུན་པ།
དཔལ་ལྡན་གཡུ་མཚོའི་ཁྱིམ་ནི་བན་དཀར་ཤང་ཡ་ང་མདོ་གྲོང་ཚོ་ནས་ལྷོ་ངོགས་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་སྤོས་པ་དང་། ཁོང་གི་བཟའ་ཟླ་བུ་དར་ཡང་དབྱར་རྩྭ་དགུན་འབུ་འཐུ་བར་ཕྱིན་ནས་ཁྱིམ་དུ་ཁོང་དང་ལོ་ལྔ་ལ་སླེབས་པའི་བུ་མོ་ལས་མེད་པ་དང་། ད་དུང་བུ་གཅིག་རྫོང་སློབ་འབྲིང་དུ་དམའ་རིམ་ལོ་རིམ་གསུམ་པ་འགྲིམ་བཞིན་ཡོད་པ་རེད།
དཔལ་ལྡན་གཡུ་མཚོ་ནི་སི་ཁྲོན་དཀར་མཛེས་ནས་ཡིན་ཞིང་། ཡ་ང་མདོའི་ཁྱིམ་གྱི་སྐོར་ཁོང་གིས་གསལ་པོ་དེ་ཙམ་ཤོད་རྒྱུ་མེད། ཁོང་དང་བཟའ་ཟླ་ལོ་ལྟར་ནག་ཆུར་གླ་པ་རྒྱུག་པ་དང་ཡོང་འབབ་ཕལ་ཆེ་བ་ཁྱིམ་ཚང་གི་འགྲོ་སོང་དང་ཁང་གླར་སྤྲོད་དགོས་པས་ལོ་གཅིག་གི་ཡོང་འབབ་བསྡོམས་སྒོར་ཁྲི་2ལྷག་ཙམ་ལས་མེད་སྟབས་འཚོ་བ་ཐབས་ཆག་ཅིག་ལས་མེད།
2017ལོའི་ཟླ་8པར། ཁོང་ཁྱིམ་ད་ཆའི་ལྷོ་ངོགས་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་86ཡོད་པའི་ཉལ་ཁང་གཉིས་དང་། ཚོམས་ཆེན་གཅིག ཐབ་ཚང་གཅིག གསང་སྤྱོད་གཅིག་བཅས་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་གཙང་སྦྲ་ལྡན་པའི་ཁང་པར་སྤོས་པ་དང་ཚོམས་ཆེན་ནང་ད་དུང་མེ་བཏང་ནས་དྲོ་སོབ་སོབ་ངང་སྡོད་རྒྱུ་ཡོད།
“ང་ཚོ་གཞི་ནས་གཞིས་ཆགས་མི་ཐུབ་པའི་འཚོ་བ་སྐྱེལ་མཇུག་བསྒྲིལ་ཏེ་རང་ཉིད་ལ་དབང་བའི་ཁང་གསར་བྱུང་སོང”ཞེས་དཔལ་ལྡན་གཡུ་མཚོས་གད་མོ་དགོད་བཞིན་དུ་གསར་འགོད་པར་བཤད་པ་དང་ཁོང་ད་ཆའི་ཁྱིམ་གསར་དེར་ཧ་ཅང་དགའ་ཞིང་། དེ་གར་ཆུ་དང་། གློག སོལ་རླངས་བཅས་གང་དགོས་དེ་འཛོམས་ཡོད་པས་འཚོ་བ་ཧ་ཅང་སྟབས་བདེ་པོ་ཡོད། ཁོང་གིས་ཁྱིམ་དུ་ཕྲུ་གུར་ལྟ་རྟོག་བྱེད་པ་དང་བཟའ་ཟླས་སྐྱེལ་འདྲེན་ལས་ཀ་བྱས་ཏེ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཡོད་པའི་ཁར་དབྱར་རྩྭ་དགུན་འབུ་འཐུ་བ་སོགས་ཀྱི་ཡོང་འབབ་གཞན་དག་བསྡོམས་ལོ་རེར་ཁྱོན་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་ཟིན་ནས་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།
“ལྷོ་ངོགས་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ནི་འབྲི་རུ་གྲོང་རྡལ་རྦ་གོང་གྲོང་ཚོར་ཡིན་པ་དང་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་21406.53ཟིན་པ་དང་མ་དངུལ་སྒོར་ཁྲི་6552.41བཏང་བ་རེད”ཅེས་འབྲི་རུ་གྲོང་རྡལ་དབུལ་སྐྱོར་ཆེད་དོན་པ་འཕྲིན་ལས་དོན་གྲུབ་ཀྱིས་གསར་འགོད་པར་བཤད་པ་དང་གནས་སྤོས་དུད་ཚང་གཞིས་ཆགས་ཐུབ་ཆེད་ཁོང་ཚོས“གཞི་ཁྱོན་འོས་འཚམ་དང་། བདེ་འཇགས་སྤྱོད་གོ་ཆོད་པ། ཁོར་ཡུག་གཙང་སྦྲ་དོད་པ། སྡོད་མལ་དང་ལས་ཞུགས་ལ་འཚམ་པ”བཅས་ཀྱི་རྩ་དོན་ལྟར་ཁྱིམ་ཚང་ཁག་དང་དུད་ཚང་ཁག་གི་མི་འབོར་སོགས་ཀྱི་དོན་དངོས་ལ་གཞིགས་ནས་སྨི་ངོས་གྲུ་70ནས་86བར་གྱི་ཁང་དབྱིབས་མི་འདྲ་བ་6འཆར་འགོད་བྱས་ཏེ་རིག་གནས་ཁང་དང་། དཔེ་དེབ་ཁང་། སྨན་དོན་ཁང་། བྱེད་སྒོའི་ལྟེ་གནས། ཚོགས་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་མ་ཟད། ད་དུང་ཉི་ནུས་ལམ་སྒྲོན་བསྒར་བ་དང་ས་འོག་རླངས་འཁོར་འཇོག་ས་དང་། སྤང་། གསང་སྤྱོད་སོགས་སྤྱི་པའི་སྒྲིག་བཀོད་བསྐྲུན་ནས་གྲོང་མིའི་འཚོ་བ་དང་སོས་དལ་གྱི་དགོས་མཁོ་བསྐངས་པ་མ་ཟད་སྡོད་མལ་ཁོར་ཡུག་ཡག་པོ་ཞིག་ཀྱང་བསྐྲུན་པ་རེད།
ཕྱུག་འགྱུར་ཐུབ་པ། ཚང་མར་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བར་བྱས་པ།
2019ལོའི་ཟླ་3པར། གནས་སྤོ་བྱ་ཡུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བ་ནས་བཟུང་། རྒྱ་མཚོས་བློ་གཅིག་སེམས་གཅིག་གིས་གནས་སྤོས་དུད་ཚང་དག་ལ་གྲོང་ཁྱེར་བ་ཚོ་དང་འདྲ་བར་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད།
རྒྱ་མཚོ་ནི་2017ལོའི་ཟླ་8པར་གཡང་ཤོད་ཤང་ཕྱིན་མདའ་གྲོང་ཚོ་ནས་སྤོས་ཡོང་བ་ཞིག་རེད། དེ་སྔོན་ཁོང་གི་ཁྱིམ་ལ་རྩྭ་ར་མུའུ་1000དང་ས་ཞིང་མུའུ་གཅིག་ལས་མེད་ཁར་སྒོ་ཕྱུགས་ཀྱང་མེད་པས་ལོ་རེར་ཡོང་འབབ་སྒོར་ཁྲི་3ཡོད་པ་དེ་ཡང་གཙོ་བོ་དབྱར་རྩྭ་དགུན་འབུ་བཙོངས་པ་ལས་བྱུང་བ་ཞིག་རེད། ད་ཆ་ཁོང་གི་བཟའ་ཟླས་ལྷོ་ངོགས་ཁུལ་གསར་དུ་ཁོར་ཡུག་གཙང་སྦྲ་བ་བྱས་པར་ཟླ་རེར་གླ་ཆ་སྒོར་3500དང་ལོ་རེར་ཡོང་འབབ་སྒོར་ཁྲི་4.2ཡོད།
ལས་ཀར་ཧུར་སེམས་ཆེ་ལ་དམངས་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་སྟབས། 2019ལོའི་ཟླ་3པར་གནས་སྤོ་བྱ་ཡུལ་གྱི་མང་ཚོགས་ཚོས་མ་གྲོས་གཅིག་མཐུན་ངང་ཁོང་གནས་སྤོ་བྱ་ཡུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས།
དོ་དམ་ཡག་པོ་བྱ་ཆེད་རྒྱ་མཚོས་གོང་རིམ་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ལྷོ་ངོགས་ཁུལ་གསར་གྱི་གནས་སྤོ་བྱ་ཡུལ་དུད་སྦྲེལ་ཚན་པ་12ལ་ཕྱེ་བ་དང་། མང་ཚོགས་ཀྱིས་དམངས་གཙོའི་ངང་དུད་སྦྲེལ་སྤྱི་མི་12བདམས་ནས་མང་ཚོགས་ལ་འགལ་ཟླ་དང་རྩོད་གཞི་སོགས་སེལ་རོགས་བྱས་པ་དང་། མང་ཚོགས་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། ཏང་གི་བཀའ་དྲིན་དྲན་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱས་པ། མངགས་གཏོང་ཁང་དང་། ཉེན་རྟོག་པའི་ལས་དོན་ས་ཚིགས། གྲོང་རྡལ་གྱི་ཕྱོགས་བསྡུས་གཞུང་ལས་ཁང་། དབུལ་སྐྱོར་གཞུང་ལས་ཁང་སོགས་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་བདེ་འཇགས་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་པ། གཟའ་འཁོར་རེའི་རེས་གཟའ་པ་སངས་ལ་ཁོར་ཡུག་གཙང་སྦྲ་ཐེངས་རེ་བྱས་ནས་གནས་སྤོ་བྱ་ཡུལ་གྱི་བཀོད་པ་གཙང་མ་རྒྱུན་འཁྱོངས་བྱས་པ་བཅས་རེད།
གཞིས་ཆགས་ཐུབ་པ་མ་ཟད་ཕྱུག་འགྱུར་ཐུབ་པ་ཡང་བྱེད་དགོས། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། འབྲི་རུ་རྫོང་དབུལ་སྐྱོར་གཞུང་ལས་ཁང་སོགས་སྡེ་ཚན་གྱིས་ཁ་ལོ་བ་དང་། ཞབས་ཞུའི་ལས་རིགས། མ་བྱན། འདེབས་འཛུགས་ལག་རྩལ། འཚེམ་བཟོ་སོཌ་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ཏེ། འབྲོག་པའི་ལས་ཞུགས་ལམ་བུ་ཡངས་སུ་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་རེད།
མིག་སྔར། འབྲི་རུ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་581ལས་ཞུགས་བྱས་པར་ལོ་རེར་འབབ་འཕར་སྒོར་ཁྲི་1385.4ཙམ་ཡོད་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.47ཡོད་པས་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་རེད། འབྲི་རུ་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཐང་ཅིའུ་ཁྲོན་གྱིས་ངོ་སྤྲོད་བྱས་དོན། ལྷོ་ངོགས་ཁུལ་གསར་ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལེ་ལག་ཚང་བའི་རྣམ་གྲངས་8ཡོད་པའི་ཁྲོད། དམངས་སྲོལ་གྱི་ལག་ཤེས་བཟོ་རྩལ་ཐོན་ལས་གླིང་དུ་མི་210ལས་ཞུགས་ཐུབ་པར་མི་རེར་ཟླ་རེར་གླ་ཆ་སྒོར་2500ནས་3000བར་ཡོད་པ་དང་། གནས་སྤོ་བྱ་ཡུལ་གྱིས་ད་དུང་ཁྲོམ་གཞུང་དང་ཐག་ཉེ་བའི་ཚོང་སྒྱུར་ཁང་པ་42བསྐྲུན་པས་སྒོ་རྩིས་ཚོང་ཁང་དང་། ཇ་ཁང་། ཚོང་ཁང་སོགས་འཛུགས་ཆོག་པ་དང་དུད་ཚང་དབུལ་པོས་ཚོང་གཉེར་བྱས་ཚེ་བོགས་དངུལ་གཅོག་པ་དང་རྩ་ཆག་གཏོང་རྒྱུ་རེད།
“ཁྱིམ་དང་ཐག་ཉེ་བས། ང་རང་ཉེ་འགྲམ་དུ་ཡོད་པའི་རྫོང་ཁྲིམས་ཁང་དུ་བདེ་སྲུང་པ་ཞིག་བྱེད་རྩིས་ཡོད། དེར་ཟླ་རེར་གླ་ཆ་སྒོར་2000ལྷག་ཙམ་ཡོད་པས་ལོ་རེར་ཡོང་འབབ་སྒོར་ཁྲི་9ལྷག་ཙམ་རག་གི་རེད། དེ་འདྲ་བྱུང་ཚེ་ངས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཡག་པོ་བྱེད་ཐུབ་རྒྱུ་མ་ཟད། རང་ཉིད་ལ་གླ་ཆ་ལེན་རྒྱུ་ཡོད་པས་འཚོ་བའང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་རེད”ཅེས་རྒྱ་མཚོས་ཡིད་ཆེས་ཆེན་པོས་བཤད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣