འབྲོག་གླུ་ལེན་བཞིན་ཕྱུག་པོའི་ལམ་དུ་སྐྱོད།
འདི་ནི་རྟ་སྨད་གྲོང་ཚོའི་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་གི་འགན་ཁུར་བ་ཚེ་རིང་དབང་པོས(དཀྱིལ)མཉམ་ལས་ཁང་གི་ལས་མིའི་སྣེ་ཁྲིད་དེ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པ།
ཟླ་6པར་བྱང་ཐང་དུ་གནམ་གཤིས་འགྱུར་ལྡོག་ཧ་ཅང་ཆེན་པོ་ཡོད། གསར་འགོད་པ་སྦྲ་ཆེན་རྫོང་ཨར་ཤོག་ཤང་རྟ་སྨད་གྲོང་ཚོར་འབྱོར་སྐབས་མིག་ལམ་དུ་འཆར་བ་ནི་འགྲོ་ལམ་གཡས་གཡོན་གཉིས་སུ་བརྒྱབ་པའི་བོད་བཟོའི་འབྲོག་ཁྱིམ་གྱི་སྒོ་ར་ཆུང་ཆུང་དེ་དག་རེད། དུ་བ་སྔོ་ལྷོག་ལྷོག་རི་ཁྲོད་དུ་འཕྱུར་བའི་རྣམ་པ་མཛེས་པོ་དེ་མཐོང་སྐབས་ལོ་8ཀྱི་གོང་རྟ་སྨད་གྲོང་ཚོ་དེ་ཉིད་དབུལ་ཕོངས་དང་རྗེས་ལུས་ཀྱི་གྲོང་ཚོ་ཞིག་ཡིན་པ་ཡིད་ཆེས་ཐབས་བྲལ།
ལོ་བརྒྱད་རིང་གི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་དལ་གྱིས་ལེན་པའི་འབྲོག་གླུ་ལས་སྲོལ་རྒྱུན་གྱི་འབྲོག་ལས་གྲོང་ཚོ་ཆུང་ཆུང་དེ་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཟམ་མི་ཆད་པར་མངོན་ཏེ་བྱང་རྩྭ་ཐང་ཐོག་གི་མངོན་གསལ་དོད་པའི་རྣམ་པ་ཞིག་ཏུ་གྱུར་ཡོད།
“གྲོང་ཚོའི་ཚོང་རྟགས་ཆུང་ཆུང”ཞིག་ནས“དབུལ་སྒྲོལ་གྱི་སྤུས་རྟགས་ཆེན་པོར”གྱུར་བའི་བར།
2012ལོའི་གོང་ཐོན་སྐྱེད་བྱེད་སྟངས་རྐྱང་པ་ཡིན་པའི་དབང་གིས་མི་རེའི་ཆ་སྙོམས་ཡོང་འབབ་ཧ་ཅང་དམའ་བ་དང་རྟ་སྨད་གྲོང་ཚོའི་ངལ་ནུས་ལྷག་མ་བདུན་ཅུ་ལྷག་ཙམ་ཕྱུགས་རིགས་འཚོ་བ་ཕུད་ལས་ཀ་གཞན་སྤྱིར་ན་མེད།
འཚོ་བ་སྐྱོ་པོ་སྐྱེལ་འདོད་མེད་པའི་འབྲོག་པ་ཁག་གཅིག་ཀྱང་ལག་རྩལ་མི་ཤེས་པ་དང་། མ་དངུལ་མི་འདང་བ། རོགས་སྐྱོར་བྱེད་མཁན་མེད་པ་བཅས་ལས“དབུལ་སྒྲོལ་དང་ཕྱུག་འགྱུར་གྱི་ཐབས་ལམ་གང་ཡང་མེད་པའི”འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར།
རྟ་སྨད་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་གྲོང་ཚོའི་གྲོང་མི་ཁག་གཅིག་གི་བསམ་བློར་འགྱུར་ལྡོག་གཏོང་ཐུབ་པ་བྱུང་ཡོད། “གྲོང་ཚོ་འཕེལ་རྒྱས་གཏོང་བར་མི་སྒེར་གྱི་སྟོབས་ཤུགས་ཁོ་ནས་མི་འགྲིག་པར་ཚང་མའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་དུ་ཐབས་ལམ་དང་བྱ་ཐབས་འཚོལ་དགོས་ངེས་རེད” 2012ལོའི་ཟླ་4པར་རྟ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དབང་པོས་གྲོང་མི་སྣེ་ཁྲིད་ཀྱིས་རྟ་སྨད་གྲོང་ཚོའི་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་རེད།
དང་ཐོག་མཉམ་ལས་ཁང་དུ་སྨི་ངོས་གྲུ་20ཡང་མ་ཟིན་པའི་ལྕགས་ཤོག་གི་ཁང་པ་གཅིག་རང་ལས་མེད་པ་རེད། ཐོན་སྐྱེད་བྱས་པའི་ཐོན་རྫས་སྤྱི་ཚོགས་ཐོག་ཤེས་རྟོགས་ཐུབ་ཚད་ཞན་པ་དང་ཕྱིར་ཚོང་གི་ཐབས་ལམ་ཞན་པ་སོགས་ཀྱི་རྒྱུ་རྐྱེན་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་དཀའ་ངལ་མང་པོ་འཕྲད་ཡོད། མཉམ་ལས་ཁང་གིས་ད་དུང་དེ་སྔ་དྲ་ཐོག་ཚོང་ཁང་གི་ལས་སྟེགས་སྤྱད་དེ་ཐོན་རྫས་ཕྱིར་ཚོང་བྱས་མོད། འོན་ཀྱང་ཟོག་འགྲེམས་དང་སྐྱེལ་འདྲེན་གྱི་དུས་ཚོད་རིང་བ་དང་འགྲོ་གྲོན་མཐོ་བ་སོགས་ཀྱི་རྐྱེན་པས་གྲོང་ཚོ་ཆུང་ཆུང་དེའི་ཐོན་རྫས་ཕྱིར་བཙོངས་མ་ཐུབ་པར་མཐར་དྲ་ཐོག་ཚོང་ཁང་གི་ཕྱིར་ཚོང་ཐབས་ལམ་བློས་གཏོང་མི་བྱེད་ཀ་མེད་བྱུང་ཡོད།
བརྟག་ཞིབ་དང་། འཚོལ་ཞིབ། ལག་ལེན་བཅས་ཟམ་མི་ཆད་པར་བྱས་པ་བརྒྱུད་མཉམ་ལས་ཁང་གིས“ཀུང་སི་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་དབུལ་སྐྱོར་ལམ་སྲོལ་རིམ་གྱིས་བཙུགས་པ་དང་སྦྲགས་ནག་ཆུ་གྲོང་ཁྱེར་དང་སྦྲ་ཆེན་རྫོང་འབྲོག་ལས་འཕེལ་རྒྱས་ཀུང་སི་དང་མཉམ་ལས་བྱས་ཏེ་མངགས་ཐོ་རྣམ་པའི་ཕྱིར་ཚོང་བྱས་པ་དང་། རང་ལྗོངས་ཀྱི་ས་གནས་ཁག་གིས་སྒྲིག་འཛུགས་བྱས་པའི་འགྲེམས་འཚོང་དང་། དངོས་ཟོག་བརྗེ་རེས། རིག་གནས་དངོས་མང་སྟོན་ཚོགས་སོགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཐོན་རྫས་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་བ། ཚོང་ཁང་དང་། ཟ་ཁང་། སྣེ་ལེན་ཁང་། ལས་སྣོན་བཟོ་གྲྭ་སོགས་གཉེར་སྐྱོང་རྣམ་གྲངས་གསར་པ་བཙུགས་ཏེ“དྲི་ཞིམ་སྤོས་མཆོག”དང“ཐུན་མིན་སུར་པན”དང་དེ་བཞིན་བོད་ཆས་དང་བོད་ལྷམ་སོགས་ཐོན་རྫས་གསར་པ་སྣ་ཁ་100ཙམ་གསར་སྤེལ་བྱས་ནས་རྫོང་གྲོང་དུ་ཆེད་ཚོང་ཁང་བཙུགས་པ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་མཉམ་ལས་ཁང་གི་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེ་རུ་དང་དཔལ་འབྱོར་གྱི་ཕན་འབྲས་རིམ་གྱིས་ལེགས་སུ་ཕྱིན་ཡོད། 2018ལོར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་དང་ཁེ་སྤོགས་སྒོར་ཁྲི་60ལྷག་ཙམ་བྱུང་བ་དང་མཉམ་ལས་ཁང་གི་ལས་མི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་དེ་གའི་འབྲོག་པ་ལས་40%ཡིས་མཐོ་བ་བྱུང་ནས་དུད་ཚང་དབུལ་པོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ་དུད་ཚང་རེར་ལོར་འབབ་འཕར་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད་པ་རེད།
མཉམ་ལས་ཁང་གི་ཐོན་རྫས་ཀྱི་སྣ་ཁ་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་བསྟུན་ནས་རང་ངོས་སྤུས་རྟགས་ཀྱི་གཟུགས་བརྙན་གཏོད་ཆེད། 2015ལོར་མཉམ་ལས་ཁང་གིས“ཧོར་པ་ཚང”ཚོང་རྟགས་ཐོ་འགོད་བྱས་པ་རེད།
“ད་ཆ‘ཧོར་པ་ཚང’སྤུས་རྟགས་དེ་ཉིད་རྟ་སྨད་གྲོང་ཚོའི་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་གི་མཚོན་བྱེད་ཁོ་ན་ཙམ་མ་ཡིན་པར་སྦྲ་ཆེན་རྫོང་གི་དབུལ་སྒྲོལ་གྱི་སྤུས་རྟགས་གྲགས་ཅན་ཞིག་ཀྱང་ཡིན་པ་རེད”ཅེས་ཚེ་རིང་དབང་པོས་བཤད།
ལག་རྩལ་གང་ཡང་མ་ཤེས་པ་ནས་ལག་རྩལ་མང་པོ་ཁོང་དུ་ཆུད་པའི་བར།
ལག་རྩལ་གང་ཡང་མ་ཤེས་པ་དང་འབྲོག་གླུ་ལེན་བཞིན་ཕྱུགས་རིགས་འཚོ་བའི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་རྐྱང་པ་ཡིན་པས་དངུལ་སྨར་ཡོང་འབབ་ཧ་ཅང་ཉུང་སྟབས་ལྟོ་གོས་ལའང་དཀའ་ངལ་འཕྲད་ཀྱི་ཡོད་པ་ནི་དེ་སྔའི་རྟ་སྨད་གྲོང་ཚོའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད།
“རིག་གནས་ཆུ་ཚད་དམའ་བ་དང་ལག་རྩལ་གང་ཡང་ཤེས་ཀྱི་མེད་སྟབས་2012ལོའི་གོང་ང་ཚོའི་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་1000ཡང་ཟིན་གྱི་མེད་པས་ཁྱིམ་མི་བཞི་པོའི་ལྟོ་གོས་ཐད་ལའང་དཀའ་ངལ་འཕྲད་ཡོད”ལག་རྩལ་མེད་པ་ནི་དབུལ་སྒྲོལ་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་ཞན་ཆར་གྱུར་ཡོད། གྲོང་མི་ཚེ་རིང་སྐལ་མཚོས་མྱོང་ཚོར་ཟབ་མོའི་སྒོ་ནས“མཉམ་ལས་ཁང་བཙུགས་རུང་ང་ཚོའི་ནང་མི་ཚོས་མཉམ་ལས་ཁང་གི་དགོས་མཁོ་གཞིར་བཟུང་ལས་ཀ་ཙག་ཙིག་ཁོ་ན་ལས་མི་ཤེས་པས་ཡོང་འབབ་མང་དུ་ཕྱིན་རུང་བརྟན་པོ་མེད”ཅེས་བཤད།
“ལག་རྩལ་མ་ཤེས་པའི་སྐབས་སྒོ་སྲུང་བ་དང་སོ་ཕག་དབོར་བ་སོགས་བྱེད་དགོས་པ་དང་ལག་རྩལ་ཤེས་ཕྱིན་རང་ཁྱིམ་དུ་ཡོང་འབབ་གསོག་ཐུབ་ཀྱི་ཡོད” 2017ལོར་ཚེ་རིང་སྐལ་མཚོའི་ཁྱིམ་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། ལོ་དེར་ཁོང་རྫོང་གིས་སྒྲིག་འཛུགས་བྱས་པའི་འཚེམ་བཟོ་བ་དང་། མ་བྱན། གཉེར་སྐྱོང་དོ་དམ་སོགས་རིན་མེད་ལས་ཞུགས་ལག་རྩལ་གསོ་སྦྱོང་ནང་ཞུགས་ཡོད། གསོ་སྦྱོང་མཇུག་འགྲིལ་རྗེས་ཚེ་རིང་སྐལ་མཚོས་སྦྱངས་པའི་ལག་རྩལ་ལ་བརྟེན་ཏེ་མཉམ་ལས་ཁང་དུ་མ་བྱན་དང་དོ་དམ་གྱི་འགན་འཁུར་ཡོད། ད་ཆ་ཚེ་རིང་སྐལ་མཚོའི་ཁྱིམ་གྱི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་8000ཟིན་ནས་ན་ནིང་དབུལ་ཞྭ་བདེ་བླག་ངང་ཕུད་ཐུབ་པ་རེད།
འཚོ་བའི་ཁྲོད་ཀྱི་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་སྐོར་གླེང་སྐབས་ཚེ་རིང་སྐལ་མཚོས་སྒོ་རའི་གཞོགས་གཅིག་ཏུ་ཡོད་པའི་མཛོད་ཁང་གཉིས་ལ་མཛུབ་མོ་བཙུགས་ཏེ“དེ་སྔ་ང་ཚོ་སྨི་ངོས་གྲུ་60ཡང་མ་ཟིན་པའི་ས་ཁང་དེ་གཉིས་ནང་སྡོད་ཀྱི་ཡོད། ཁང་པའི་ནང་ལྷག་པ་འཛུལ་བ་དང་ཆར་ཐིགས་རྒྱག་གི་ཡོད་པས་གངས་ཆར་བབས་པའི་གནམ་གཤིས་བསྟན་སྐབས་གཟུགས་པོ་ཡོངས་ལ་དྲོད་ཁུག་གི་མེད”ཅེས་བཤད། ད་ཆ་ནང་མི་ཚོ་སྨི་ངོས་གྲུ་200ཡོད་པའི་སྡོད་ཁང་ནང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།
“གཞན་བརྟེན་རྣམ་པའི་དབུལ་སྒྲོལ”ནས“རང་བརྟེན་རྣམ་པའི་ཕྱུག་འགྱུར”ཕྱོགས་སུ་བསྐྱོད་པའི་བར།
དུད་ཚང་དབུལ་པོ་དབུལ་སྒྲོལ་དངོས་འབྲེལ་ཐུབ་པ་བྱེད་པར་ལྷག་དོན་དུ་ངལ་རྩོལ་ནུས་ཤུགས་ཡོད་པའི་དུད་ཚང་དབུལ་པོས་རང་སྟོབས་རང་སྤེལ་གྱིས་དབུལ་སྒྲོལ་ལས་དོན་ཐད་ཕྱི་ངོས་ཀྱི“གཞན་བརྟེན”ནས་དུད་ཚང་དབུལ་པོས་རང་ངོས་ཀྱི“རང་བརྟེན”ཐུབ་པའི་བར་ངེས་པར་དུ་འགྱུར་ལྡོག་གཏོང་ཐུབ་པ་བྱེད་དགོས།
“ཨར་ཤོག་ཤང་ནི་བྱང་རྩྭ་ཐང་དང་བོད་ཤར་རྒྱུད་ཀྱི་གྲོག་རོང་འབྲེལ་མཚམས་སུ་གནས་པས་རི་མཐོ་ལ་ལམ་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བས་གྲོང་མི་ཚོ་མི་རབས་ནས་མི་རབས་བར་ཕྱུགས་རིགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས་བསམ་བློ་རྗེས་ལུས་དང་ལྟ་བ་རྙིང་པ་ཡིན་པ་ལས‘དབུལ་སྒྲོལ་ཐད་རང་འགུལ’བྱེད་པའི་བསམ་བློ་ཧ་ཅང་གི་སྐྱོ་པོ་ཡོད”ཅེས་སྦྲ་ཆེན་རྫོང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཨར་ཤོག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། གཞན་ལ་བརྟེན་པ་ལས་རང་ཉིད་ལ་བརྟེན་ན་ལེགས་པ་དང“རྒྱུ་ནོར་གྱིས་ཕྱུག་པ”ལས“བསམ་བློ་ཕྱུག་ན”ལེགས། གནད་སྨིན་དབུལ་སྐྱོར་ཡོང་བ་བྱེད་པར་དུད་ཚང་དབུལ་པོའི་གནས་སྐབས་ཀྱི་ལྟོ་གོས་འཕྱིད་ཙམ་གྱི་གནད་དོན་ཐག་གཅོད་བྱེད་པ་ཙམ་ཁོ་ན་མ་ཡིན་པར་དེ་བས་གལ་ཆེ་བ་ཞིག་ནི་ཁོང་ཚོར་ཕྱུག་འགྱུར་གྱི་འཇོན་ཐང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱས་ཏེ་དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ་བྱེད་དགོས་པ་དེ་ཡིན།
མཉམ་ལས་ཁང་གི་རྣམ་པ་བརྒྱུད་འབྲོག་པ་དབུལ་པོའི་འཕེལ་རྒྱས་ཀྱི་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཏེ། རྟ་སྨད་གྲོང་ཚོའི་གྲོང་མིས“ཉི་མ་བསྲོས་ནས་གཞན་གྱི་རོགས་རམ་སྒུག་སྡོད་པའི་རྣམ་པར་འགྱུར་ལྡོག”བཏང་སྟེ“ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱེད་པ་དང་ཕུགས་འདུན་སྒྲུབས་པར་བྱེད་རྒྱུ”དེ་རྩྭ་ཐང་སྟེང་གི“རང་བརྟེན་རྣམ་པའི”དབུལ་སྒྲོལ་གྱི་གསོན་ཉམས་ལྡན་པའི་དཔེ་མཚོན་དུ་གྱུར་ནས། བོད་བྱང་ཐང་གི་ས་མཐོའི་སྟེང་དུ་མུ་མཐུད་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་གྲོང་གསེབ་ཀྱི་འབྲོག་གླུ་ལེན་བཞིན་ཡོད།
ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་སྦྲ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅུན་གྱིས“ང་ཚོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་གནད་སྨིན་དབུལ་སྒྲོལ་ནང་ཞུགས་རྒྱུར་མཚམས་སྦྱོར་བྱས་ནས‘གཞན་བརྟེན’དང‘རང་བརྟེན’ཟུང་དུ་འབྲེལ་བ་དང་། མིག་སྔ་དང་ཕུགས་ཟུང་དུ་འབྲེལ་བ། ཕྱི་དང་ནང་ཟུང་དུ་འབྲེལ་བ་བཅས་བྱས་ནས་རྟ་སྨད་གྲོང་ཚོ་དང་འདྲ་བའི་དབུལ་སྒྲོལ་གྱི་དཔེ་མཚོན་མང་པོ་ཐོན་པ་དང་། དབུལ་སྒྲོལ་ངོ་མ་དང་དབུལ་པོ་ངོ་མ་དབུལ་སྒྲོལ་ཐུབ་པ། སྦྲ་ཆེན་རྫོང་སྤྱི་ཡོངས་དབུལ་ཞྭ་ཕུད་ཐུབ་པ་བཅས་བྱུང་ཡོད། ང་ཚོས་ངེས་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། མི་སེར་ཚོ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་ཕྱོགས་ཡོངས་འབྱོར་འབྲིང་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣