ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་གནས་པའི་བཞད་མཐོང་སྨོན་རྫོང་དུ་ཆུ་སྣ་འཛོམས་པ་དང་རང་བྱུང་ཁམས་ཀྱི་ཐུགས་རྗེ་ལས་ཆུ་ཚན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་ཚོར་གཞི་ཁྱོན་ཅུང་ཆེ་བའི་ཆུ་མིག་6ཡོད་ཅིང་། ལོ་ལྟར་ཆུ་ཚན་གྱི་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ་63ཟིན་པ་དང་། དེའི་ནང་ཟངས་དང་ཏི་ཚ་སོགས་མིའི་གཟུགས་པོར་ཕན་པའི་གཏེར་རྒྱུ་མང་པོ་འདུས་ཡོད།
སྲིད་གཞུང་གི་སྣེ་ཁྲིད་འོག་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་གྱུར་པ།
དབུལ་སྒྲོལ་འགག་སྒྲོལ་བརྟན་པོ་དང་རྒྱུན་མཐུད་ཡོང་བར་ཐོན་ལས་དབུལ་སྐྱོར་དང་ཁ་འབྲལ་ཐབས་མེད།
2012ལོར་བཞད་མཐོང་སྨོན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆབ་ཁ་གྲོང་ཚོའི་ཆུ་ཚན་གྱི་ཐོན་ཁུངས་ལ་དམིགས་ཏེ། “མཛེས་ལྗོངས་ཁུལ་བསྐྲུན་ནས། ཡུལ་ཕྱོགས་གཅིག་གི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ”དམིགས་ཚད་དུ་བྱས་ནས་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་སྟེ་ཆབ་ཁ་གྲོང་ཚོར་ཞག་སྡོད་དང་། བཟའ་བཏུང་། འཁྲུ་ཁང་། རོལ་རྩེད་བཅས་ཀུན་འཛོམས་ཀྱི་ཆབ་ཁ་གྲོང་ཚོའི་ཆུ་ཚན་གྱི་སྤྲོ་གསེང་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་འཆར་འགོད་ལག་བསྟར་བྱས་ཏེ། ཆབ་ཁ་གྲོང་ཚོའི་ཆུ་ཚན་གྱི་ཐོན་ཁུངས་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བར་བྱས་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2019ལོར་ཆབ་ཁ་གྲོང་ཚོའི་ཆུ་ཚན་གྱི་སྤྲོ་གསེང་རྟེན་གཞིས་ལོ་ཧྲིལ་པོར་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་4ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1584བྱུང་བ་མ་ཟད། དུད་ཚང་དབུལ་པོ་53གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.8བྱུང་ཡོད།
“ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་། ཚང་མ་རང་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པ་མ་ཟད། ཆུ་ཚན་གྱི་ཆུ་མིག་བདག་སྐྱོང་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་སོང”ཞེས་ད་ཆའི་འཚོ་བའི་སྐོར་བརྗོད་སྐབས། ཆབ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས་དགའ་ཚོར་ཆེན་པོས་བརྗོད།
ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་བརྟེན་ནས་དབུལ་སྒྲོལ་གྱི་ལམ་བུའི་ཐོག་མི་གཅིག་ཀྱང་མ་ལུས་པ་བྱས་པ།
ཉེ་བའི་ལོ་ཤས་རིང་། ཆབ་ཁ་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། 2017ལོར་ཆབ་ཁ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འགོ་ཁྲིད་བརྗེ་པོ་རྒྱག་སྐབས་དེ་སྔའི་གྲོང་ཚོ་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མི་ཚེ་རིང་ཆབ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཐོན་བྱུང་བ་རེད།
ཆབ་ཁ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཚན་ཁག་གིས་ཁྱད་ལྡན་ཐོན་ལས་མཉམ་ལས་ཁང་བཙུགས་ཤིང་། 2019ལོར་གྲོང་ཚོ་ཧྲིལ་པོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མཐའ་ལུས་དུད་ཚང་། ཏང་ཡོན། དབང་པོ་སྐྱོན་ཅན། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཚན་ཁག་བཅས་ཀྱིས་མ་རྐང་བཞག་ནས་ཆབ་ཁ་གྲོང་ཚོའི་ཡུལ་སྐོར་སྤྲོ་གསེང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ད་ཆ་མཉམ་ལས་ཁང་གིས་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་བའི་ཆུ་ཚན་ཨར་ཁང་སྐྲུན་བཞིན་ཡོད་པ་དང་། ཟླ་བ་དྲུག་པའི་ཟླ་མཇུག་ཏུ་སྤྱོད་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན་ལོ་རེར་ཡོང་འབབ་སྒོར་ཁྲི་30ཡོང་རྒྱུ་མ་ཟད། དུད་ཚང་དབུལ་པོ་རེར་ཁེ་སྤོགས་སྒོར་2290བགོ་ཐུབ་པ་དང་། ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་6གི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་རྒྱུ་རེད།
2019ལོའི་ལོ་མཇུག་ཏུ་ཆབ་ཁ་གྲོང་ཚོའི་དུད་ཚང་267ཡི་མི་གྲངས་1027ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་17000ལྷག་ཙམ་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་62ཚང་མ་དབུལ་ཞྭ་ཕུད་པ་མ་ཟད། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཚོར་བདམས་པ་རེད།
མང་ཚོགས་མཉམ་དུ་ཞུགས་ནས་བདེ་སྐྱིད་འཚོ་བ་བཏོད་པ།
ཆབ་ཁ་གྲོང་ཚོའི་ལོ་69ལ་སོན་པའི་གྲོང་མི་ཉི་མ་ཚེ་རིང་གིས་ཞོགས་པ་མལ་ལས་ལངས་ནས་སྒོ་རའི་ནང་གཙང་སྦྲ་ཡག་པོ་བྱས་རྗེས། བཟའ་ཟླ་ཚེ་སྒྲོལ་དང་མཉམ་དུ་ཐབ་ཚང་ནང་ཞོགས་ཟས་ཟ་བར་བསྐྱོད། ཐབ་ཁའི་སྟེང་གི་ཇ་བསྲུབས་མའི་དྲི་ཞིམ་སྣ་ལམ་དུ་འཐུལ་ཞིང་། བོད་བཟོའི་ཁྱིམ་ཆས་གསར་པའི་སྟེང་ཚགས་ཤ་སྐམ་པོ་དང་། ཕྱུར་བ། བཏུང་བཅའ་སྣ་ཚོགས་སྒྲིག་གཤོམ་བྱས་འདུག་ཅིང་། བལྟས་པ་ཙམ་གྱིས་ཉི་མ་ཚེ་རིང་ཁྱིམ་གྱི་འཚོ་བ་འབྱོར་ཕྱུག་བདེ་སྐྱིད་ལྡན་པ་ཤེས་ཐུབ།
2018ལོར་ཉི་མ་ཚེ་རིང་གྲོང་ཚོ་ཨུ་ལྷན་ཉེ་འགྲམ་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་དང་། ཁང་པ་གསར་པ་དེར་རྒྱ་ཁྱོན་སྨི་ངོས་གྲུ་50ལྷག་ཙམ་ཡོད། ཐབ་ཚང་དང་། ཉལ་ཁང་། ཚོམས་ཆེན། གསང་སྤྱོད། མཛོད་བཅས་ཡོད་པ་དང་། ཆུ་དང་། གློག དྲ་བ་བཅས་ཀྱང་ཡོད། 2019ལོར་ཉི་མ་ཚེ་རིང་གིས་རང་ཉིད་ཀྱི་དངུལ་བཏོན་སྟེ་རང་ཁྱིམ་དུ་སྨི་ངོས་གྲུ་10ལྷག་ཙམ་ཟིན་པའི་ཤེལ་ཁང་ཞིག་བརྒྱབ་པ་རེད།“ཤེལ་ཁང་ནང་ཉི་མ་དྲོ་བ་དང་། དཀར་ཆ་དོད་པས་བཟའ་ཟླ་ཆེ་སྒྲོན་ཁ་གདན་འཐག་སྐབས་མིག་གཟན་པོ་ཡོང་གི་མི་འདུག་ལ། ཁ་གདན་ཡང་མགྱོགས་པོ་འཐག་ཚར་གྱི་འདུག”ཅེས་ཉི་མ་ཚེ་རིང་གིས་གསར་འགོད་པར་བརྗོད་བྱུང་། 2015ལོར་ཆབ་ཁ་ཆུ་ཚན་གྲོང་རྡལ་ཆུང་ངུ་འདི་ཉིད་རྒྱལ་ཁབ་ཀྱི་A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པ་དང་། ཆབ་ཁའི་ཆུ་ཚན་གྱི་ཡུལ་སྐོར་བྱ་གཞག་གི་གཞི་ཁྱོན་རགས་ཙམ་གྲུབ་ཡོད། སླད་ཕྱིན་འདི་གར་ད་དུང་བོད་ལུགས་གསོ་རིག་གི་ལུམས་དང་། སོས་དལ་རོལ་རྩེད། དམངས་སྲོལ་འཁྲབ་སྟོན། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གསར་གཏོད་ཉམས་ལེན་སོགས་ཀྱི་ནུས་པ་མང་པོ་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་ཏུ་གཏོད་རྒྱུ་རེད།