ཁོ་མོ་ཆུང་དུས་རི་གྲོང་ནས་ཐོན་ཏེ་མི་དམངས་ཚོགས་ཁང་ཆེ་མོར་བསྐྱོད་པ།
རྐང་པ་བརྐྱངས་ནས་རི་ལམ་བརྒྱུད་སློབ་གྲྭར་བསྐྱོད་པ་དང་། རླངས་འཁོར་ལ་བསྡད་ནས་སེམས་ཀྱི་ཉི་ཟླར་བསྐྱོད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་ཁུར་ནས་པེ་ཅིང་དུ་བསྐྱོད་པ་སོགས་རྐང་འོག་གི་ལམ་ལ་འགྱུར་ལྡོག་མང་པོ་ཕྱིན་མོད། འོན་ཀྱང་མི་དམངས་ལ་ཞབས་འདེགས་ཞུ་བའི་ལི་ཅིན་ལེན་གྱི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་ཕྱིན་མེད་པར། སྔ་ཕྱི་བར་གསུམ་དུ་རི་ཁུག་ཏུ་རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
“ཐད་བསྒྱུར་མི་རིགས”ལི་སུའུ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། ལི་ཅིན་ལེན་གྱིས་ཡུལ་མི་སྤུན་ཟླ་ཚོ་དང་མཉམ་དུ་ཕ་ཡུལ་འཕེལ་རྒྱས་ཀྱི་དཔང་པོ་བྱས་པ་དང་དེར་སྐུལ་འདེད་བཏང་ཡོད་ལ། དམིགས་བསལ་གྱི་མི་ཚེའི་གཏམ་རྒྱུད་ཅིག་ཀྱང་བརྩམས་ཡོད།
མཛེས་སྡུག་དང་སྐྱོ་སྣང་།
ལི་ཅིན་ལེན་གྱི་ཕ་ཡུལ་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ཧྥན་ཐན་ཀེ་ཤང་ཤིན་ལེ་གྲོང་ཚོ་ནས་ཡིན་པ་དང་། དེ་ནི་རི་ལྡེབས་སུ་གནས་པའི་ལི་སུའུ་རིགས་ཀྱི་གྲོང་སྡེ་ཞིག་ཡིན་ཞིང་། ཁོ་མོས“ངའི་ཕ་ཡུལ་གྱི་སྐོར་གླེང་ན་ཁྱེད་ལ་རྒྱུས་མངའ་ཡོད་ཀྱི་མ་རེད། ཡིན་ནའང་སེམས་ཀྱི་ཉིན་ཟླའི་སྐོར་གླེང་ན་ཁྱེད་ཀྱིས་གསལ་པོ་ཤེས་ཀྱི་རེད”ཅེས་ལི་ཅིན་ལེན་གྱིས་འཛུམ་དམུལ་དམུལ་ངང་བརྗོད།
བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ནི་ཡུན་ཁྲོན་བོད་གསུམ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་འབྲེལ་མཚམས་སུ་གནས་པ་དང་། བོད་སྐད་དུ་གོ་བ་བླངས་ན“བཀྲ་ཤིས་པའི་ས་ཆ”ཞེས་ཟེར་ཞིང་། འདི་ཁུལ་དུ་གངས་རི་དང་། གྲོག་རོང་། ནགས་ཚལ། ན་ཁ། མཚེའུ་སོགས་གཞི་གཅིག་ཏུ་འདུས་ཡོད་པས་དབེན་པའི་སྐྱིད་ཚལ་དང་གཉིས་སུ་མ་མཆིས། དེ་སྔ། ཡུལ་མི་ཚོ་མི་རབས་ནས་མི་རབས་བར་འཚོ་བ་དབུལ་བས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་མཉམ་དུ་གནས་ཀྱང་ཡུལ་མི་ཚོར་ཡིད་སྐྱོ་བའི་སྣང་བ་ལས་ཡོང་རྒྱུ་མེད།
“ཡུལ་ལུང་མཛེས་པོ་ཡོད་ཀྱང་། དེ་སྔ་ལྟ་བའི་སེམས་པ་མེད”ཅེས་པའི་སྐད་ཆ་དེར་ལི་ཅིན་ལེན་ལ་མྱོང་ཚོར་ཟབ་མོ་ཡོད།
རི་ཀླུང་མང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་ཅིང་། མུ་ལ་མུ་འབྲེལ་གྱི་རི་བོས་གནས་དེ་གའི་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བའི་ཕུགས་འདུན་དོན་གཉེར་བར་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་དང་། འདི་ནི་ཤང་གི་མིང་དང་མཚུངས་པའི་རི་རྩེར་གནས་པའི་བ་གམ་ཟེར་བ་དང་འདྲ་བར། འདི་ཁུལ་གྱི་རི་བོ་མཁའ་དབྱིངས་སུ་བསྙེགས་པ་ལྟར་མཐོ་བས། འགྲོ་སྐྱོད་ཐད་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།
སློབ་གྲྭར་སྐྱོད་སྐབས་གོམ་པ་རྒྱག་དགོས་པ་དང་། དངོས་ཟོག་མི་དང་རྟ་ལ་བརྟེན་ནས་དབོར་དགོས་པ་མ་ཟད། ཚྭ་འགྱིག་ཤོག་གཅིག་ཉོ་བར་ཉིན་གཅིག་གི་དུས་ཚོད་འགོར་བ་དང་། ཤིང་ཁང་ནང་དུ་བ་འཚུབ་འཚུབ་ངང་སྡོད་པ་སོགས་དེ་སྔའི་དཀའ་ཚེགས་ཆེ་བའི་འཚོ་བའི་སྐོར་གླེང་སྐབས་ལི་ཅིན་ལེན་ལ་སྐྱོ་སྣང་ཆེན་པོ་ཡོང་གི་ཡོད།
འཚོ་བ་དབུལ་བས་བསམ་བློར་འགྱུར་ལྡོག་གཏོང་འགོ་ཚུགས།
2016ལོར། ལི་ཅིན་ལེན་སློབ་ཆེན་ཐོན་ཞིང་། སྐབས་དེ་དུས་ཁོ་མོ་གྲོང་ཁྱེར་ནང་དུ་ལས་ཀ་རག་ཐུབ་མོད། འོན་ཀྱང་རང་གི་ཕ་མ་དང་གཅེན་གཅུང་རྣམས་སྔར་བཞིན་ཤིང་ཁང་གོག་ཧྲུལ་ནང་སྡོད་པ་མ་ཟད། ད་དུང་ཡུལ་མི་སྤུན་ཟླ་ཚོ་དབུལ་སྒྲོལ་བྱེད་བཞིན་ཡོད་པ་མཐོང་སྐབས། ཆུང་བྱིས་པའི་དུས་ནས་འཚོ་བ་དབུལ་བའི་དཀའ་སྡུག་སྣ་ཚོགས་མྱངས་པ་དང་སློབ་གྲྭ་འགྲིམ་སྐབས་དཀའ་ངལ་སྣ་ཚོགས་འཕྲད་པའི་ཁོ་མོས་ཕ་ཡུལ་དུ་ལོག་སྟེ་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ནས་ཕ་ཡུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུའི་ཐག་བཅད་ཅིང་། ཁོ་མོས“རང་ཉིད་གྲོང་ཁྱེར་ནང་དུ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་ཡང་། ཡུལ་མི་སྤུན་ཟླ་རྣམས་འཚོ་བ་དབུལ་པོ་ཡིན་ན་བློ་བདེ་པོ་མི་འདུག”ཅེས་བརྗོད།
གྲོང་ཚོའི་རྒན་རྒོན་ལ་རླབས་ཕྲན་ཐབ་སྤྱོད་སྟངས་བསླབས་པ་དང་། ཡུལ་མིར་རིག་ནུས་ལག་ཐོགས་ཁ་པར་སྤྱོད་སྟངས་བསླབས་པ། གཞིས་ལུས་བྱིས་པར་སློབ་གྲྭར་འགྲོ་རྒྱུའི་ཁ་ཏ་བསླབ་བྱ་བྱས་པ། སྣེ་ཁྲིད་དེ་གྲོང་ཚོའི་ནང་གཙང་སྦྲ་བྱས་པ་དང་ཚང་མའི་སྣེ་ཁྲིད་དེ་ལྗོན་ཤིང་བཏབ་པ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱས་པ། གོང་རིམ་ལ་ཡུལ་མི་ཚོའི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཞུས་པ་སོགས་གཟུགས་སྟོབས་ཅུང་ཞན་པའི་ལི་ཅིན་ལེན་དང་གྲོང་སྡོད་ལས་བྱེད་པ་ཚོས་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབས་པས། ཡུལ་མི་ཚོའི་བློ་གཏད་བཅོལ་ཡུལ་གྱི་ལས་དོན་རུ་ཁག་ཅིག་ཏུ་གྱུར།
ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་དཔྱིད་རླུང་རི་ཁུལ་གང་སར་ལྡང་བས་འབའ་ལུང་ལ་དབུལ་སྒྲོལ་གྱི་གོ་སྐབས་ཐོབ།
2018ལོའི་ལོ་མཇུག་ཏུ་ཤིན་ལེ་གྲོང་ཚོས་རི་གཤགས་ལ་གཏོར་གྱིས་ལམ་བཟོ་འགོ་ཚུགས་ཤིང་།“ཁང་པའི་སྒོ་འགྲམ་ནས་པེ་ཅིང་དུ་སྐྱོད་སའི་ཨར་འདམ་ལམ་ཞིག་བཟོ་རྒྱུ་ཡིན”ཞེས་ལི་ཅིན་ལེན་དགའ་ཚོར་ཆེན་པོ་བྱུང་བ་དང་། ཁོ་མོས་ཡང་སེ་ལས་ཡུལ་དུ་ལས་མི་ཚོར་ལྟོ་ཆས་སྐྱེལ་བར་བསྐྱོད་པ་དང་འབྲེལ་ལས་གྲྭའི་འཕེལ་རིམ་ཤེས་རྟོགས་བྱེད་ཀྱི་ཡོད།
ཡུལ་མི་ཚོས་རེ་སྒུག་ཆེན་པོ་བྱས་པ་བརྒྱུད། རིང་ཚད་སྤྱི་ལེ་4ཙམ་ཟིན་པའི་ཨར་འདམ་ལམ་2019ལོའི་ལོ་མཇུག་ཏུ་བསྐྲུན་ནས་རི་རྩེ་ནས་རི་གཤམ་བར་ཤར་གཏོང་ཐུབ་ཅིང་། “དེ་སྔ་རི་གཤམ་དུ་སྐྱོད་པར་ཆུ་ཚོད་ཁ་ཤས་འགོར་གྱི་ཡོད། ད་ཆ་རླངས་འཁོར་ལ་བསྡད་ན་ཆུ་ཚོད་ཕྱེད་ཀ་ཡང་འགོར་གྱི་མི་འདུག”ཅེས་ཡུལ་མིས་བརྗོད་པ་དང་། ད་ཆ་ཡུལ་མིར་འཕེལ་རྒྱས་ཀྱི་བགྲོད་ལམ་མྱུར་པོ་ཤར་གཏོང་ཐུབ་ཡོད།
སྦག་སྦག་འཁོར་ལོ་ཉོ་བ་དང་། སྨན་རྩྭ་འདེབས་པ། ཁང་པ་གསར་པ་རྒྱག་པ་སོགས་འགྲོ་སྐྱོད་སྟབས་བདེ་ཡོད་པས། ཚང་མའི་གདོང་ལས་འཛུམ་མདངས་འཕྱུར་ནས། དེ་སྔ་བསམ་བློའི་ནང་འཁོར་དཀའ་བའི་འཚོ་བ་དེ་དག་ད་ལྟ་གྲོང་ཚོའི་ནང་རིམ་བཞིན་སྐྱེལ་འགོ་ཚུགས་ཡོད།
ས་བབ་མཐོ་ཚད་སྨི་2400ཟིན་པའི་རི་མཐོའི་གནམ་གཤིས་ལ་བརྟེན་ནས། རྫོང་ཞིང་ལས་སྡེ་ཚན་གྱིས་ཡུལ་མིར་སྨན་རྩྭ་འདེབས་རྒྱུའི་སྣེ་ཁྲིད་བྱས། ལག་རྩལ་མི་ཤེས་པ་དང་ཉམས་མྱོང་མེད་པའི་རྐྱེན་གྱིས་ཐོག་མའི་དུས་སུ་སྨན་རྩྭ་འདེབས་མཁན་བྱུང་མེད། ཚང་མས་ཐེ་ཚོམ་བྱེད་པ་མཐོང་སྐབས། ལི་ཅིན་ལེན་གྱིས་དུད་ཚང་རེ་རེ་བཞིན་དུ་གསལ་འགྲེལ་བྱེད་པར་བསྐྱོད་ནས་ཚང་མར་མ་རྨོས་ལོ་ཏོག་གཅིག་པུ་འདེབས་པའི་བྱ་ཐབས་ལ་འགྱུར་ལྡོག་གཏོང་རྒྱུའི་སྐུལ་ལྕག་བྱས།
“ཅིན་ལེན་ནི་སློབ་གྲྭ་ཆེ་མོ་བ་རེད། ང་ཚོ་ལོག་ལམ་དུ་ཁྲིད་མི་སྲིད”ཅེས་ཡུལ་མི་ཚོས་བརྗོད་པ་དང་། ཡུལ་མི་མང་པོ་ཞིག་གིས་སྨན་རྩྭ་གཞི་ཁྱོན་ཅན་གྱི་འདེབས་འགོ་ཚུགས་པ་དང་འབྲེལ། ལོ་བསྟུད་མར་ཁེ་བཟང་ཡང་རག་ཡོད། ད་ཆ། ཀྲུང་ལུགས་སྨན་རྩྭ་འདེབས་རྒྱུ་དེ་ཧྥན་ཐེན་ཀེ་ཤང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐོན་ལས་གལ་ཆེན་ཞིག་ལ་གྱུར་ཡོད།
འགྲོ་ལམ་ཤར་གཏོང་ཐུབ་པས། ཕྱི་རོལ་དང་སྤེལ་རེས་ཡང་བྱེད་མང་དུ་ཕྱིན་ཡོད། དེ་སྔ་རྒྱ་སྐད་ཤོད་མི་ཤེས་པས། ཕྱི་མི་མཐོང་མ་ཐག་ནགས་རིའི་ཁྲོད་དུ་གབ་ནས་སྡོད་པའི་ལི་སུའུ་རིགས་ཀྱི་རྒན་རྒོན་གྱིས་ཀྱང་ད་ཆ་ཁ་པར་སྤྱད་དེ་བརྙན་གླེང་བྱེད་ཤེས་ཀྱི་ཡོད་ཅེས་ཡུལ་མི་ཚོའི་འགྱུར་ལྡོག་མཐོང་སྐབས་ལི་ཅིན་ལེན་དགའ་ཚོར་ཆེན་པོ་བྱུང་ཡོད།
“དབུལ་སྒྲོལ་ཐུབ་པར་བདེ་སྐྱིད་ལྷག་པར་ལྡན”ཞེས་ལི་ཅིན་ལེན་གྱི་ཁྱིམ་ཡང་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་། ད་ཆ་ཡུལ་མི་ཚོ་དང་འདྲ་བར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་པས། ཉེ་འགྲམ་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པའི་སེམས་པ་ཡང་ཇེ་ཆེར་འཕེལ།
འཐུས་མི་དང་ཡུལ་མི།
2018ལོར། ལི་ཅིན་ལེན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཤིང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནང་ཐེངས་དང་པོ་ཞུགས་སྐབས། ཁོ་མོས་སྔ་རྗེས་སུ་སྦག་སྦག་འཁོར་ལོ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས། གནམ་གྲུ་བཅས་ལ་བསྡད་དེ་པེ་ཅིང་དུ་འབྱོར་བ་དང་། བརྗིད་ཉམས་ལྡན་པའི་མི་དམངས་ཚོགས་ཁང་ཆེ་མོར་འཛུལ་སྐབས་ཁོ་མོ་དངངས་སྐྲག་ཏོག་ཙམ་ལངས་ཡོད།
“མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གང་སར་འགན་འཁྲི་སྒྲུབ་ཆོག ཉེ་འགྲམ་གྱི་བྱ་བ་ནས་འགོ་རྩོམ་པ་དང་ཉེ་འགྲམ་གྱི་མི་ལ་དོ་ཁུར་བྱེད་དགོས། དེ་འདྲ་བྱས་ན་འགན་འཁྲི་སྒྲུབ་སྐབས་དེ་བས་མང་ཚོགས་དང་འབྲེལ་འདྲིས་བྱེད་ཐུབ”ཅེས་གོམས་སྦྱོང་བརྡར་གསུམ་བརྒྱུད་མྱོང་བའི་ལི་ཅིན་ལེན་གཟབ་ལྷིང་ལྡན་པ་ཞིག་ཡོད།
ཁྲིམས་ཁང་དང་ཞིབ་དཔྱོད་ཁོངས་གཏོགས་ཀྱིས་སྤེལ་བའི་བརྟག་ཞིབ་དང་ལྟ་སྐུལ་བྱེད་སྒོའི་ནང་ཐེངས་མང་ཞུགས་པ་བརྒྱུད། ལི་ཅིན་ལེན་གྱིས་ཁྲིམས་འཛིན་ལས་ཀར་སྤྲོ་སྣང་ཆེན་པོ་སྐྱེས་ཤིང་། ན་ནིང་ལོ་མཇུག་ཏུ། ལི་ཅིན་ལེན་གྱིས་སློབ་སྦྱོང་ཧུར་ཐག་བྱས་པ་བརྒྱུད། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བདེ་ཆེན་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་རྒྱུགས་འཕྲོད་དེ་ཁྲིམས་སའི་དྲུང་ཡིག་ལ་གྱུར།
བདེ་ཆེན་ཀྲོའུ་ནི་མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་ཀྱི་ཀྲོའུ་ཞིག་ཡིན་ཞིང་། ཁྲིམས་འཛིན་ཁོངས་གཏོགས་ཀྱི་ལས་དོན་སྤེལ་སྐབས། ལི་ཅིན་ལེན་ལ་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཡོད།
ཁྲིམས་སའི་དྲུང་ཡིག་ཡིན་པའི་ངོས་ནས། བཅའ་ཁྲིམས་ཤེས་བྱ་རང་རྟོགས་ངང་སློབ་སྦྱོང་བྱེད་པ་དང་། རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་པ། ཁྲིམས་ལུགས་ཁྱབ་གདལ་རང་རྟོགས་ངང་བྱེད་པ། ཁྲིམས་འཛིན་འདུམ་འགྲིག་ལས་དོན་ལ་རང་འགུལ་ངང་ཞུགས་པ། མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་རྩོད་གཞི་སེལ་བ་བཅས་བྱས་ནས་བོད་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྟོབས་ཤུགས་ཧུར་ཐག་ཕུལ་བ་སོགས་ལི་ཅིན་ལེན་གྱི་སྐོར་གླེང་སྐབས། བདེ་ཆེན་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཡུས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།
“མི་དམངས་ཀྱིས་ང་འཐུས་མིར་བདམས་པས། ངས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་ཀྱི་ཡིན”ཞེས་ལི་ཅིན་ལེན་གྱིས་བརྗོད་པ་དང་། ཁོ་མོའི་ངོས་ནས་བརྗོད་ན། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ལྕི་པོ་ཞིག་ཡིན་པས། འགན་སྒྲུབ་ཀྱི་ཐབས་ལམ་ནི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་དུ་སྐྱོད་པ། དམངས་ལ་སེམས་ཁྲལ་སེལ་རོགས་བྱེད་པ་བཅས་བྱས་ཏེ་མི་དམངས་ཀྱིས་ཡིད་ཆེས་བྱེད་འོས་པའི་འཐུས་མི་ཞིག་དངོས་འབྲེལ་བྱེད་རྒྱུ་དེ་རེད།
ཐོག་མའི་བསམ་འདུན་དང་བརྒྱུད་རིམ།
“ངའི་ཁྱིམ་གྱི་སྒོ་འགྲམ་ནས་པེ་ཅིང་བར་ལམ་ཤར་གཏོང་ཐུབ་ཡོད”ཅེས་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་མདུན་དུ་བསྡད་ནས། ཁོད་སྙོམས་པའི་ཨར་འདམ་ལམ་ལ་ལྟ་བཞིན་ལི་ཅིན་ལེན་གྱིས་བརྗོད།
ཆུང་དུས་སུ། སྨྱུག་སླེ་རྒྱབ་ཏུ་ཁུར་ནས་འཕྲང་ལམ་བརྒྱུད་རྐང་ཐང་བསྐྱོད་ན་ཆུ་ཚོད་ཁ་ཤས་སོང་རྗེས་གཞི་ནས་ཤང་དུ་འབྱོར་བ་དང་། དེ་རྗེས་སླར་ཡང་ཆུ་ཚོད་ཁ་ཤས་ལ་བརྒྱབ་ནས་སོང་ན་གཞི་ནས་གྲོང་ཚོར་འབྱོར་གྱི་ཡོད། ད་ཆ་རླངས་འཁོར་བསྡད་ན་ཆུ་ཚོད་ཕྱེད་ཀ་ཡང་མ་འགོར་བར་རི་གཤམ་དུ་འབྱོར་བ་མ་ཟད། ད་དུང་སྒེའུ་ཁུང་ཕྱིའི་ཡུལ་ལྗོངས་ལ་མྱོང་རོལ་ཐུབ་ཀྱི་ཡོད་པ་སོགས་ལི་ཅིན་ལེན་ལ་དེ་ཁུལ་གྱི་འགྲོ་ལམ་ལ་དམིགས་བསལ་གྱི་བརྩེ་བ་ཞིག་བཅངས་ཡོད།
རི་གྲོང་གིས་ཁོ་མོ་གསོ་སྐྱོང་བྱས་པས། ཁོ་མོས་ལང་ཚོའི་སྟོབས་ཤུགས་རི་གྲོང་དུ་འབུལ་འདོད་ཆེན་པོ་ཡོད།
གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཁོ་མོས་ཡུལ་མི་ཚོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་གསལ་འགྲེལ་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པ་དང་ན་གཞོན་དང་བཅས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཚོགས་ཆུང་འཛུགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་སྒྲུབ་དང་ལས་རེས་ལས་སྲུང་དང་འགྲོ་འོང་བྱེད་མཁན་མི་སྣའི་ཆ་འཕྲིན་ཐོ་འགོད་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། ད་དུང“བོད་རིགས་ས་ཁུལ་མཛེས་ཤོས་སྲུང་སྐྱོང”བྱེད་པའི་དང་བླངས་ཞབས་ཞུའི་རུ་ཁག་ནང་ཞུགས་ནས་ཆ་འཕྲིན་དྲིལ་བསྒྲགས་པ་དང་། རིམས་འགོག་སྒྲིག་འཛུགས་པ། དང་བླངས་ཞབས་ཞུའི་གདོང་དམག་བཅས་ཡག་པོ་བྱས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣