ཟླ་6ཚེས་3ཉིན་དཔེ་སྐྲུན་བྱས་པའི《སློབ་སྦྱོང་སྐབས་དོན་ཚགས་པར》ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཚན་བཀོད་པའི་རྩོམ་ཡིག《དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཕྱོགས་ཡོངས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་དགོས》ཞེས་པ་སྤེལ་ཡོད། རྩོམ་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་བ། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཡོངས་ཁྲོད་བོད་འདི་ཉིད“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གཅིག་པུ་དེར་གཏན་འཁེལ་བྱས་ཏེ་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ཐད་གཙོ་གནད་ཐོག་ལྟ་རྟོག་དང་དམིགས་བསལ་གཟིགས་སྐྱོང་གནང་ཡོད། བོད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་སྒྲིལ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩིས་ཡོད། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་གཞིགས་ནས་རྫོང་སོ་སོའི་གནས་ཚུལ་གཞིར་བཟུང་ཧེ་བག་ཅན་གྱི་སྲིད་ཇུས་ལག་བསྟར་གྱིས་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་ཀྱི་སྐུལ་ལྕག ལས་ཞུགས་སྔོན་འཇོག བོད་སྐྱོར་རོགས་རམ། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་74ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ནས་ལོ་4བསྟུད་མར་ཀྲུང་དབྱང་གི“ཕྱོགས་བསྡུས་གདེང་འཇོག་བཟང་པོའི”དཔྱད་ཞིབ་ཐོབ་ཡོད་ལུགས་བསྟན་ཡོད།
རྩོམ་ཡིག་ནང་2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྩིས་སྤྲོད་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན།
བོད་ཀྱིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་ཆབས་ཅིག དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་དམག་རྒྱག་གང་ཐུབ་བྱེད་པ་དང་། གཅིག་སྡུད་ཐོག་འགག་སྒྲོལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་དགོས་ལུགས་བསྟན་ཡོད།
རྩོམ་ཡིག་ནང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱི་བ་དང་། ཉམས་མྱོང་ཉུང་བ། འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་མངོན་གསལ་དོད་པ། མང་ཚོགས་དབུལ་པོའི་འབབ་འཕར་གྱི་ཐབས་ལམ་གུ་དོག་པ། སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཀྱིས་བསྡུར་གྲངས་བཟུང་ཚད་མཐོ་བ། ཏོག་གསར་གློ་ཚད་རིམས་ནད་ལས་ཕྱིར་ཚོང་འཛད་སྤྱོད་དང་ཡུལ་སྐོར་ལས་རིགས་སོགས་དབུལ་སྐྱོར་དང་འབྲེལ་བ་ཡོད་པའི་ཐོན་ལས་ལ་ཤུགས་རྐྱེན་ངེས་ཅན་ཕོག་པས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”(རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་དང་། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་དབར་གྱི་འབྲེལ་བ། ལེགས་ཆ་འདོན་སྤེལ་དང་ཞན་ཆ་སེལ་བའི་དབར་གྱི་འབྲེལ་བ། ཞིང་འབྲོག་པ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་ས་དང་རང་ས་རང་ཡུལ་དང་མི་བྲལ་བར་ལས་ཞུགས། བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་དབར་གྱི་འབྲེལ་བ། དབུལ་སྐྱོར་གནས་སྤོ་དེ་གྲོང་ཁྱེར་དང་གྲོང་རྡལ་དང་། ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་ཆ་ཚང་བའི་ས་ཁུལ་ལ་ཕྱོགས་རྒྱུ་བཅས་དབར་གྱི་འབྲེལ་བ། ཀྲུང་དབྱང་གི་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་དང་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་ཡོང་བར་བྱེད་པའི་དབར་གྱི་འབྲེལ་བ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ། གྲོང་ཁྱེར་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་དབར་གྱི་འབྲེལ་བ། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་དབར་གྱི་འབྲེལ་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱིས་སྦྲེལ་མཐུད་བྱེད་པའི་དབར་གྱི་འབྲེལ་བ། ཁེ་ལས་ཀྱི་ཐོན་འབོར་མང་དུ་དང་ནུས་པ་ཆེ་རུ་གཏོང་བ་དང་། ལས་བཟོའི་ཐོབ་ཆ་ལེགས་སུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་དབར་གྱི་འབྲེལ་བ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དབར་གྱི་འབྲེལ་བ། ལས་བྱེད་པར་འགན་ཁུར་ལས་སྒྲུབ་དང་ནོར་འཛོལ་རུང་བ་དང་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུའི་ལྕག་སྐུལ་བྱེད་པའི་དབར་གྱི་འབྲེལ་བ་བཅས)ཐག་གཅོད་ཡང་དག་བྱས་ཏེ་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་དབུལ་སྒྲོལ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།
རྩོམ་ཡིག་ནང་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་འཆར་གཞིའི་མ་དངུལ་གྱི་90%དང་བོད་སྐྱོར་མ་དངུལ་གྱི་80%ཡན་ཤིན་ཏུ་དབུལ་བའི་ས་ཁུལ་དང་དམངས་འཚོའི་ཁྱབ་ཁོངས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་མོད། འོན་ཀྱང་བོད་ཀྱི་སློབ་གསོ་དང་ཚན་རྩལ་གྱི་རྨང་གཞི་ཞན་པ་དང་། ལས་ཞུགས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་མངོན་གསལ་དོད་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ལས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དེར་དམ་པོར་དམིགས་པ། སློབ་གསོ་དང་། སྨན་བཅོས། བདེ་འཇགས་འཐུང་ཆུ་སོགས་ཁྱབ་ཁོངས་ཀྱི་ཞན་ཆར་དམིགས་པ། མང་ཚོགས་ཀྱི་དོན་དག་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་སྒྲུབ་པ་བཅས་བྱས་ཏེ་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལུགས་བསྟན་ཡོད།
རྩོམ་ཡིག་ནང་བོད་འདི་ཉིད་ས་མཐོར་གནས་པ་དང་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོར་གཏོང་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་པའི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེས་ན་ངེས་པར་དུ“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་ཡིན་པའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་གཞིགས་ནས་སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པ། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མཐའ་ཚད་དང་། དམར་ཐིག གློག་ཆེན་ལ་བརྩི་བ་བཅས་བྱས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེར་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
རྩོམ་ཡིག་གི་མཇུག་ཏུ་ལོ་འདི་དག་ནང་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་བྱུང་མོད། འོན་ཀྱང་དེར་བློ་ཡིད་ཚིམ་ནས་མ་བསྡད་པར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ངར་ཤུགས་གཅིག་སྒྲིམ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་རྒྱུན་མཐུད་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།