དབུ་ཤོག>ཆེད་སྒྲིག
  • ཚ་བ་རོང་གི་དབུལ་སྒྲོལ་རྒྱུགས་ལན་ལ་གཟིགས་དང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-06

    740032_yis_1591331525402_s.jpg

    རྫ་ཡུལ་རྫོང་ཚ་བ་རོང་ཤང་བཙོག་བུ་གྲོང་ཚོ་ནི་རྒྱལ་མོ་རྔུལ་ཆུའི་རི་ལྡེབས་སུ་གནས་ཤིང་། གྲོང་ཚོའི་ནང་དུད་ཚང་21ལས་མེད་པ་དང་མི་རེར་རྨོ་ཞིང་དེ་ཙམ་མང་པོ་མེད། 2018ལོ་ཚུན་དུ་བཙོག་བུ་གྲོང་ཚོས་སེའུ་འབྲུ་སོགས་དཔལ་འབྱོར་ནགས་ཤིང་མང་པོ་བཏབ་སྟེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་འགོ་ཚུགས་ཤིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣས་བཙོག་བུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་ཚེ་རིང(གཡོན་གྱི་གཉིས་པ)དང་མཉམ་དུ་སེའུ་འབྲུ་འདོགས་ཚུལ་ལ་ལྟ་བཞིན་པ། 

    གསར་འགོད་པ་ཚ་བ་རོང་དུ་སླེབས་སྐབས་མི་རྣམས་བཙས་མ་བརྔ་བ་དང་། མང་ཚོགས་ཀྱི་མགྲོན་ཁང་རྒྱག་པ། ཤ་མོ་འདེབས་པ་སོགས་ལས་ལ་བྲེལ་བཞིན་ཡོད་པ་མཐོང་།

    རྣམ་པ་དེ་དག་མཐོང་སྐབས་གསར་འགོད་པར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། དེ་སྔོན་རྫ་ཡུལ་རྫོང་གི་མི་འབོར་དབུལ་པོའི་ཁྲོད་ནས་གསུམ་ཆ་གཅིག་ཚ་བ་རོང་ཤང་དུ་གནས་པ་དང་། ཚ་བ་རོང་གི་སྲིད་འཛིན་གྲོང་ཚོ་26ཁྲོད་ནས་19ནི་ཤིན་ཏུ་དབུལ་བའི་གྲོང་ཚོ་ཡིན་པས། “དབུལ་ཕོངས”ནི་ཚ་བ་རོང་གི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད།

    དེ་སྔོན་ཚ་བ་རོང་སྐྱོ་པོ་དེ་ལྟར་ཆགས་དོན་གང་ཡིན་ནམ། ད་ཆ་ཚ་བ་རོང་གིས་གང་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱས་པ་རེད་དམ་ཞེ་ན། གཤམ་དུ་ང་ཚོ་དང་ལྷན་དུ་ཚ་བ་རོང་གི་དབུལ་སྒྲོལ་རྒྱུགས་ལན་ལ་ཅིག་གཟིགས་པར་ཕེབས་དང་།

    རྨང་གཞིར་བརྟེན་ནས་དབུལ་སྒྲོལ་བྱུང་བའི་ཚ་བ་རོང་།

    ཚ་བ་རོང་སྐྱོ་པོ་ཆགས་དོན་ནི་གཅིག་ནས་རྨང་གཞི་སྐྱོ་དྲགས་པས་རེད།

    ཚ་བ་རོང་ནི་ཡུན་ནན་དང་བོད་ལྗོངས་འབྲེལ་མཚམས་ཀྱི་རྒྱལ་མོ་རྔུལ་ཆུའི་གྲོག་རོང་དུ་གནས་ཤིང་། ཉིང་ཁྲིའི་རྫ་ཡུལ་རྫོང་དང་། ཆབ་མདོའི་མཛོ་སྒང་རྫོང་། ཡུན་ནན་གྱི་ཀུང་ཧྲན་རྫོང་ཚང་མ་དང་རྒྱང་ཐག་རིང་པོ་ཆོད་པས། “ཁེར་ཆགས་གླིང་ཕྲན”ལྟ་བུ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་རྫ་ཡུལ་ལ་སྐྱོད་སྐབས་ལ་ཆེན་པོ་གསུམ་བརྒལ་དགོས་ཤིང་། གལ་ཏེ་གངས་ཀྱིས་རི་བོ་བཀླུབས་ན་ཡུན་ནན་ནམ་ཡང་ན་བོད་ལྗོངས་ཆབ་མདོ་ནས་བསྐོར་དགོས་ཀྱི་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་པའི་ཁར་གློག་ཀྱང་འཁྲིད་ཁག་པོ་ཡོད་པ་དང་། འཕྲིན་གཏོང་སྒྲིག་ཆས་ཀྱང་རྗེས་ལུས་ཐེབས་པའི་ཐོག་ཚ་བ་ཆེ་ཞིང་ཆུ་དཀོན་པ་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཚབས་ཆེན་ཐེབས་པར་བརྟེན། འཕེལ་རྒྱས་འགྲོ་ཁག་པ་དང་ངལ་རྩོལ་ནུས་ཤུགས་ཡོད་པ་རྣམས་ཀྱང་ཟམ་མི་ཆད་པར་ཕྱིར་འགྲོ་ཡི་ཡོད།

    ཚ་བ་རོང་ལ་བཅར་འདྲིར་སྐྱོད་སྐབས། གསར་འགོད་པས་སྔ་རྗེས་སུ་རྫ་ཡུལ་ནས་ཚ་བ་རོང་དང་། ཚ་བ་རོང་ནས་ཀུང་ཧྲན། ཚ་བ་རོང་ནས་མཛོ་སྒང་བཅས་སུ་བསྐྱོད་པ་ཡིན། མ་གཞི་སྣུམ་ནག་ལམ་ཆེན་རྦད་དེ་ཤར་གཏོང་ཐུབ་མེད་ནའང་། བྱེ་རྡོའི་ལམ་ངོས་ཁོད་སྙོམས་ཤིང་བདེ་པོ་ཡོད་པས། དེ་སྔ“ཁེར་ཆགས་གླིང་ཕྲན”ལྟ་བུའི་ཚ་བ་རོང་དུ་ད་ཆ་ལམ་བུ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པས། གངས་རི་མཐོན་པོས་ཚ་བ་རོང་གི་འཕེལ་རྒྱས་ཀྱི་གོམ་སྟབས་འགོག་ཐབས་བྲལ།

    2016ལོར་ཚ་བ་རོང་སྐེད་རི་ཡུག་ཁུལ་གྱི་གྲོང་ཚོ་ཀུན་ཁྱབ་གཞུང་ལམ་དང་རྒྱལ་མོ་རྔུལ་ཆུའི་ཐོག་གི་ཁྲོ་ཉི་ཟམ་པ་རྒྱག་འགོ་ཚུགས་པས། སྐེད་རི་གྲོང་ཚོ་ནས་ཁྲོ་ཉི་གྲོང་ཚོའི་དབར་བར་ཐག་སྤྱི་ལེ་12.5ཙམ་ལས་མེད་པར་བསྡོམས་མ་རྩ་སྒོར་ཁྲི་2894ལྷག་ཙམ་བཏང་ཡོད། ད་ཆ“དམངས་སེམས་འདུ་འགོད”ཡིན་པའི་ཁྲོ་ཉི་ཟམ་པའི་ཐོག་རླངས་འཁོར་ཤར་གཏོང་ཐུབ་པས་གྲོག་རོང་ཁྲོད་ཀྱི་དེ་སྔའི་འབྲེང་ཐག་ཟམ་པ་དང་དཔྱང་ཟམ་ཚང་མ་སྔར་སོང་གི་ལོ་རྒྱུས་ལ་གྱུར། ལོ་43ལ་སླེབས་པའི་གྲོང་མི་ཚེ་རིང་གྲགས་པས་སེམས་འགུལ་ཐེབས་བཞིན་དུ“ཁྲོ་ཉིར་ལམ་ཤར་གཏོང་ཐུབ་པས་ང་ཚོའི་བསམ་དོན་སྒྲུབ་སོང་། ད་ཆ་གྲོང་ཚོའི་དུད་ཚང་མང་པོ་ཞིག་གིས་རླངས་འཁོར་ཉོས་ཏེ་ཕྱི་ནས་དངོས་ཟོག་འདྲེན་གྱི་ཡོད་ལ། ང་ཚོའི་འདི་ནས་ཐོན་པའི་ཅ་ལག་ཀྱང་ཕྱི་ལ་དབོར་གྱི་ཡོད་པས་ཡོང་འབབ་བསགས་མི་ཐུབ་པའི་སེམས་ཁྲལ་མི་འདུག”ཅེས་བཤད།

    ཁྲོ་ཉི་གྲོང་ཚོར་ད་ལྟའང་གློག་ཤར་གཏོང་ཐུབ་མེད་པས། འོད་ཤུགས་གློག་གཏོང་སྒྲིག་ཆས་ཆུང་གྲས་ལ་བརྟེན་དགོས་ཀྱི་ཡོད། འོན་ཀྱང་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལྟ་ལག་ལེན་བསྟར་མུས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭས་ཚ་བ་རོང་ཤང་ཡོངས་2020ལོའི་ལོ་མཇུག་ཏུ་གློག་དྲ་ཆེ་མོའི་ནང་ཟླ་སྒྲིལ་གཏོང་རྒྱུ་ཡིན་པ་རེད།

    དེས་མ་ཟད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་མ་འཇོག་ལ་བརྟེན་ནས་ཚ་བ་རོང་ཤང་གི་རྨང་གཞིའི་སྒྲིག་བཀོད་ཁག་ཀྱང་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ། སྲིད་འཛིན་གྲོང་ཚོར་འཕྲིན་གཏོང་ཁྱབ་ཚད་100%ཟིན་པས། ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ“མི་མངོན་པའི་སྟོབས་ཤུགས”ལྡན་པའི་ཚ་བ་རོང་དེ་ཉིད་མི་རྣམས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།

    “ཚ་བ་རོང་ཤང་ལ་ཏང་གི་སྲིད་ཇུས་བཟང་པོ་དང་། དུས་རབས་ཀྱི་འཕེལ་རྒྱས་བཟང་པོ། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་བཅས་ཀྱི་གོ་སྐབས་བཟང་པོ་འཕྲད་ཡོད”ཅེས་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོས་བཤད།

    ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བའི་ཚ་བ་རོང་།

    ཚ་བ་རོང་སྐྱོ་པོ་ཆགས་དོན་ནི་གཉིས་ནས་ཐོན་ལས་ཀྱི་འདེགས་སྐྱོར་མེད་པས་རེད།

    ཚ་བ་རོང་གི་གནམ་གཤིས་ཚ་བ་ཆེ་ལ་སྐམ་ཤས་ཆེ་བ་དང་མི་འབོར་མང་བ་དང་ས་རྒྱ་ཆུང་བས་ཆ་སྙོམས་མི་རེར་ས་ཞིང་མུའུ་གཅིག་ལས་མེད་པ་མ་ཟད། རྨོ་འདེབས་དཀའ་བའི་སྐས་ཞིང་ཡིན་པས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཧ་ཅང་གཏོང་ཁག་པོ་ཡོད། རང་བྱུང་ཐོན་ཁུངས་ཅུང་དཀོན་པ་དང་རི་བོའི་ཐོག་རྦད་དེ་མེ་ཏོག་དབང་ལག་ཡིན་པས་གསར་སྤེལ་དང་བེད་སྤྱོད་བྱེད་ཐབས་བྲལ། ཚ་བ་རོང་དུ་དམིགས་བསལ་གྱི་གྲོག་རོང་མཛེས་ལྗོངས་ཁུལ་ཡོད་པས“ཁ་བ་དཀར་པོའི་རྒྱབ་ཀྱི་མེ་ཏོག་ལྡུམ་ར”ཞེས་བརྗོད་སྲོལ་ཡོད་པ་དང་ཡུལ་སྐོར་བ་མང་པོའི་ཡུལ་སྐོར་དམིགས་ས་ཡིན་ཡང་དེའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཧ་ཅང་ཞན་པའི་དབང་གིས་ཡུལ་སྐོར་ལ་ཡོང་མཁན་དེ་ཙམ་མང་པོ་མེད།

    ད་ཆ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་སྦྲགས་ཚ་བ་རོང་དུ་ཡུལ་སྐོར་བ་སྔར་བས་མང་དུ་ཕྱིན་པ་དང་ཡུལ་སྐོར་ལས་རིགས་དེ་ཚ་བ་རོང་གི་ཕྱུག་འགྱུར་ཐོན་ལས་སུ་གྱུར་ཡོད།

    ཚ་བ་རོང་ཤང་ལུང་ཕུག་གྲོང་ཚོའི་ཇ་ཞིང་ཚོགས་ཆུང་ཁ་བ་དཀར་པོའི་འདབས་སུ་གནས་པ་དང་དེའི་མཛེས་ལྗོངས་ལྷ་ཡུལ་དང་གཉིས་སུ་མ་མཆིས། ལོ་29ལ་སླེབས་པའི་ཉི་མ་ནོར་བུའི་ཁྱིམ་དེ་གར་ཡོད་ཅིང་། ཉིན་ཤས་རིང་ཁོང་གིས་སྡོད་ཁང་གསར་པར་མཛེས་བཟོ་བྱས་ནས་སྨི་ངོས་གྲུ་300ཙམ་ཡོད་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་དེ་ཁྱིམ་ཚང་མགྲོན་ཁང་དང་བོད་ཟས་ཁང་དུ་བཅོས། “ད་ཆ་ཡུལ་སྐོར་དུ་ཡོང་མཁན་མང་བས་ན་ནིང་ཡུལ་སྐོར་བར་ལྟོ་ཆས་བཏང་བ་ཁོ་ནའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་རག་བྱུང”ཞེས་ཉི་མ་ནོར་བུས་བཤད།

    ཉི་མ་ནོར་བུ་དེ་སྔ་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་འཚོ་བའི་ཆེད་དུ་ཕྱིར་གླ་པར་མ་འགྲོ་ཀ་མེད་བྱུང་བ་རེད། ད་ཆ་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་ཁོང་གིས་ཕྱི་ནས་སློབ་སྦྱོང་བྱས་པའི་འདེབས་འཛུགས་ལག་རྩལ་དང་ཡུལ་སྐོར་སྣེ་ལེན་ལག་རྩལ་ལ་བརྟེན་ནས་ཕ་ཡུལ་དུ་ལོག་སྟེ་མགྲོན་ཁང་དང་ཟ་ཁང་བཙུགས་པ་ཕུད། ད་དུང་ས་གནས་འདི་གའི་དུད་ཚང་དབུལ་པོ་18ཀྱི་སྣེ་འཁྲིད་ནས་རང་རང་སོ་སོའི་སྒོ་རའི་ནང་ཤ་མོ་འདེབས་འཛུཌ་དྲོད་ཁང་བརྒྱབ་སྟེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་བ་རེད།

    ཡུལ་སྐོར་ལས་རིགས་ཕུད། གནམ་གཤིས་ཀྱིས་རྐྱེན་པས་ཚ་བ་རོང་ལ་སེའུ་འབྲུའི་ཐོན་ལས་དར་རྒྱས་བྱུང་ཡོད། “དེ་སྔོན་ང་ཚོས་ཁང་པའི་རྒྱབ་མདུན་དུ་སེའུ་འབྲུའི་སྡོང་པོ་རེ་གཉིས་འདེབས་ཀྱི་ཡོད། 2018ལོ་ནས་བཟུང་སེའུ་འབྲུ་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱས་ཏེ་ལོ་དེ་རང་དུ་སྡོང་པོ་དྲུག་སྟོང་ལྷག་ཙམ་བཏབ་པ་ཡིན”ཞེས་བཙོག་བུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་ཚེ་རིང་གིས་དེ་ལྟར་བཤད་པ་དང་ཁོང་ནི་གྲོང་ཚོའི་སེའུ་འབྲུ་འདེབས་མཁན་དང་པོ་དེ་རེད།

    ཚ་བ་རོང་དུ་སེའུ་འབྲུ་འདེབས་པའི་སྲོལ་རྒྱུན་ཡོད་ཀྱང་གཞི་ཁྱོན་ཆུང་བ་དང་སྤུས་ཀ་དེ་ཙམ་ལེགས་པོ་མེད་པས་དཔལ་འབྱོར་གྱི་ཡོང་འབབ་རག་ཐབས་བྲལ། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རོགས་སྐྱོར་འོག་ཚ་བ་རོང་ཤང་གིས་སྤུས་ཀ་ལེགས་པའི་སེའུ་འབྲུ་འདེབས་འཛུགས་ཁྱབ་གདལ་བཏང་ནས“དུད་ཚང་རེ་རྨང་གཞིར་བྱེད་པ་དང་། དུད་ཚང་མང་པོ་གཞི་ཁྱོན་དུ་བྱེད་པ། ས་ཁོངས་ཁག་བགོས་རྟེན་གཞིར་བྱེད་པ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་མཐའ་འཁྱོངས་བྱས་ནས་སེའུ་འབྲུའི་སྡོང་པོ་ཁྲི་25ཙམ་འདེབས་འཛུགས་བྱས་པ་དེ་དག་ལ་མུའུ་4685ཙམ་ཟིན་གྱི་ཡོད་པ་རེད། སེའུ་འབྲུ་སྨིན་པའི་དུས་སུ་ཐོན་འབོར་སྒོར་ཁྲི་1874རག་རྒྱུ་མ་ཟད་རྣམ་གྲངས་དེ་ཁོ་ནས་ཤང་ཡོངས་ཀྱི་མི་རེར་ཆ་སྙོམས་འབབ་འཕར་སྒོར་2800ཙམ་ཟིན་རྒྱུ་རེད།

    ཚ་བ་རོང་ཤང་གི་ཤང་ཀྲང་ཝུའུ་མིང་ཅུན་གྱིས་གསར་འགོད་པར་2016ལོ་ནས་ད་བར་ཚ་བ་རོང་གིས་མ་དངུལ་སྒོར་ཁྲི་ལྔ་སྟོང་ལྷག་ཙམ་བཏང་བའི་དབུལ་སྐྱོར་རྣམ་གྲངས་28བསྐྲུན་ཟིན་པ་དེ་དག་གིས་ཤང་ཡོངས་ཀྱི་དུད་ཚང་448ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་2308ལ་ཕན་པ་ཐོབ་ཡོད། 2018ལོར་ཚ་བ་རོང་ཤང་ཡོངས་དབུལ་སྒྲོལ་ཐུབ་ཡོད་ཅེས་བཤད་པ་རེད།

    དབུལ་སྒྲོལ་བྱེད་པ་ནི་ཚ་བ་རོང་ཤང་མདུན་སྐྱོད་བྱེད་པའི་གོམ་སྟབས་དང་པོ་དེ་ཡིན་ཞིང་། ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་ལེགས་ཆ་ལས་ཚ་བ་རོང་འཕེལ་རྒྱས་འགྲོ་དང་འགྲོ་མུས་ཡིན་པ་རེད།

    དབུལ་སྒྲོལ་གྱི་སྙིང་སྟོབས་ལ་བརྟེན་ནས་ཚ་བ་རོང་འཕེལ་རྒྱས་བཏང་བ།

    ཚ་བ་རོང་སྐྱོ་པོ་ཆཌ་དོན་ནི་གསུམ་ནས་དར་རྒྱས་གོང་འཕེལ་གྱི་སྙིང་སྟོབས་མེད་པས་རེད།

    ཡུན་ནན་དང་བོད་ལྗོངས་ཀྱི་འབྲེལ་མཚམས་སུ་གནས་པའི་སྲང་ཐ་གྲོང་ཚོར་གྲོང་མི་དུད་ཚང་30ཡི་མི་142ཡོད་པ་དང་ཡུལ་སྐོར་བ་ཡོང་མང་བའི་གྲོང་ཚོ་ཞིག་ཡིན་པས་སྐད་གྲགས་ཅུང་ཆེ་ཙམ་ཡོད།

    དབུལ་སྒྲོལ་བྱེད་པར་རྒྱལ་ཁབ་ཀྱི་མ་འཇོག་དང་ཐོན་ལས་ཀྱི་རྒྱབ་སྐྱོར་དགོས་པ་མ་ཟད། དེ་བས་ཀྱང་དཀའ་སྤྱད་ཀྱི་སྙིང་སྟོབས་ལྡན་དགོས། ཚ་བ་རོང་ཤང་གི་ལས་བྱེད་པ་ཚོས་ཆ་རྐྱེན་དཀའ་ཚེགས་ཇི་ཙམ་ཆེ་ནའང་དཀའ་ངལ་ལ་མི་སྐྲག་པར་སྐྱེ་སྟོབས་ཀྱི་དཔལ་འབར་བའི“མེ་ཏོག་དབང་ལག་གི་སྙིང་སྟོབས”རྒྱུན་འཛིན་བྱེད་དགོས་པ་དང་དེ་ནི་ཚ་བ་རོང་ལ་དགོས་པའི་སྙིང་སྟོབས་རེད་ཅེས་བཤད།

    གསར་འགོད་པ་ཚ་བ་རོང་དུ་འབྱོར་སྐབས་ལས་བྱེད་པ་ཚོའི་ངོ་གདོང་དང་ལག་ངར་ཉི་མས་བསྲེགས་ནས་དམར་སྨུག་ཆགས་པ་མཐོང་བྱུང་བ་དང་དེ་འདྲ་ཆགས་རྐྱེན་འདྲི་སྐབས་ལོ་ལྟར་ནས་སྨིན་སྐབས་དུད་ཚང་དབུལ་པོར་རོགས་པ་བྱེད་པར་བསྐྱོད་ཀྱི་ཡོད་པས་དེ་ལྟར་ཆགས་པ་ད་གཟོད་གཞི་ནས་ཤེས་བྱུང་། ཧྲུའུ་ཅི་དང་ཤང་ཀྲང་ཡང་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ལས་ལ་གཞོལ་བས“མེ་ཏོག་དབང་ལག”གི་སྙིང་སྟོབས་མཚོན་པའི་སྡུས་རིས་ཤིག་རེད།

    ལས་བྱེད་པའི་ལས་ཀའི་སེམས་ཤུགས་འཕེལ་ཚེ་མང་ཚོགས་ཀྱང་མཉམ་དུ་ལས་ཀའི་ཧུར་སེམས་འཕེལ་གྱི་ཡོད་ཅིང་། 2016ལོར་སྲང་ཐ་གྲོང་ཚོས་གྲོང་སྲོལ་དམངས་ཆིངས་བཟོས་ནས་དོན་ཚན་དང་པོ་ནི་ཆང་རག་གཅོད་རྒྱུ་དེ་རེད། རིམ་ཁག་ལས་བྱེད་པའི་སྐུལ་སློང་འོག་སྲང་ཐ་གྲོང་ཚོའི་གྲོང་མིས་རང་འགུལ་ངང“སྐར་མ་རྒྱག་པའི”ལམ་སྲོལ་བཟོས་ནས་གལ་སྲིད་ཆང་རག་འཐུང་བ་དང་། ཁ་རྩོད་རྒྱག་པ། རྒྱག་རེས་རྒྱག་པ། སྒྱིད་ལུག་བྱེད་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ་སྐར་མ་གཅོག་གི་ཡོད་པ་རེད།

    ངག་པ་ནི་དེ་སྔོན་སྲང་ཐ་གྲོང་ཚོར་སྐད་གྲགས་ཡོད་པའི“ཆང་རྐྱལ”ཞིག་རེད། “ངག་པ་ཉིན་ལྟར་ར་བཟི་ནས་སྡོད་པ་མཐོང་སྐབས་ངའི་བསམ་པར་ངེས་པར་དུ་ཁོ་ལ་རོགས་པ་བྱེད་དགོས་སྙམ་བྱུང”ཞེས་སྲང་ཐ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲེང་ནཱ་ཡིས་དེ་ལྟར་བཤད་པ་དང་། ཁོང་གིས་རྟག་ཏུ་ངག་པའི་ཁྱིམ་དུ་བསྐྱོད་ནས་སློབ་གསོ་གཏོང་བ་དང་། ངག་པར་ལས་ཀ་ཙག་ཙིག་བྱེད་ཞོར་དུ་ལག་རྩལ་སྦྱོང་དགོས་པའི་སྐུལ་ལྕག་ཡང་བྱས། གསར་འགོད་པ་ཉིན་ཤས་གོང་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་ངག་པ་དང་བཟའ་ཟླ་བུ་མོ་བདེ་བདེ་ཉིན་མོ་ལས་ཡུལ་དུ་ལས་ཀ་བྱེད་པ་དང་མཚན་མོ་གློག་བཞུ་སྤར་ནས་བཙས་མ་བརྔ་ཡི་ཡོད་པ་མཐོང་བྱུང་། “ད་ཆ་དངུལ་མང་ཙམ་གསོག་བསམས་པ་ལས། ཆང་རག་འཐུང་བསམས་པ་མི་འདུག”ཅེས་ངག་པས་གད་མོ་དགོད་བཞིན་དུ་བཤད།

    2018ལོར་ངག་པའི་ཁྱིམ་དབུལ་སྒྲོལ་བྱུང་བ་དང་2019ལོར་སྨི་ངོས་གྲུ་154ཡོད་པའི་སྡོད་ཁང་གསར་པར་སྤོས་པ་མ་ཟད། ད་ཆ་ཁྱིམ་ཚང་མགྲོན་ཁང་ཞིག་རྒྱག་རྩིས་བྱེད་བཞིན་ཡོད་པ་རེད།

    དབྱར་ཟླ་ར་བ་ནི་ཚ་བ་རོང་གི་མེ་ཏོག་དབང་ལག་བཞད་པའི་དུས་ཚིགས་ཡིན་པས། ལི་ཝང་མདོག་གི་མེ་ཏོག་དེ་དག་གྲོག་རོང་ཁྲོད་དུ་ཁྲ་ཆིལ་ལེར་བཞད་ནས་མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་འདུག དེ་བས་མཛེས་སྡུག་ལྡན་པ་ནི་ཚ་བ་རོང་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཕུལ་བའི་དབུལ་སྒྲོལ་གྱི་རྒྱུགས་ལེན་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།