དབུ་ཤོག>ཆེད་སྒྲིག
  • ཞོ་བྲིན་ཁ་རྒྱུག་པས་ཡོང་འབབ་མང་དུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-06-05

    ཟླ་ལྔ་པའི་ཟླ་སྟོད་དུ་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་སྲིབ་རིའི་རི་སུལ་ལ་གངས་ལྷག་འཕྲོ་མ་བཞུར་བར་ལུས་བསྡད་ཡོད་ནའང་། ཉི་འོད་ཕོག་སའི་རྩྭ་རར་མྱུ་གུ་འབུས་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་མཐོང་རྒྱུ་འདུག

    གྲོང་ཚོར་བསྐྱོད་སའི་ཨར་འདམ་ལམ་བརྒྱུད་འཕྲུལ་འཁོར་གྱི་འུར་སྒྲ་གྲགས་སའི་ཕྱོགས་སུ་ཕྱིན་པས། དེ་མུར་ཞིང་འབྲོག་ཐོན་ཟོག་ལས་སྣོན་མཉམ་ལས་ཁང་དུ་སླེབས་བྱུང་། དེར་གྲལ་སྟར་འགྲིག་པའི་འཁོར་ཁང་དང་། དེང་རབས་ཅན་གྱི་སྒྲིག་ཆས། འཁྱག་གཏོང་ཁང་། རྫས་འགྱུར་ཚོད་ལྟ་ཁང་། ཕབ་སྙལ་ཁང་སོགས་ཚང་མ་འཛོམས་འདུག དུད་ཚང་དབུལ་པོ་འཇམ་དཔལ་གཡུ་སྒྲོན་གྱིས་བྲིན་ཚོང་ས་ཚིགས་ཁག་ལ་འཚོང་རྒྱུའི་ཞོ་ཁག་བགོས་ནས་བླུག་བཞིན་ཡོད་པ་དང་། ཞོའི་སྒམ་ཆུང་རེ་རེ་ནས་ཞོའི་དྲི་མ་ཞིམ་པོ་ཞིག་སྣར་ངང་གིས་འཐུལ་འོང་བས་སེམས་པ་མྱོས་པ་ལྟ་བུར་སྣང་། དེ་ནི་ཞོ་ལས་སྣོན་མཉམ་ལས་ཁང་ཆུང་ཆུང་ཞིག་ཡིན་རུང་། དེ་ལ་བརྟེན་ནས་མི་སེར་རྣམས་འབབ་འཕར་གྱི་ལམ་དུ་བསྐྱོད་ཡོད།

    བཅིངས་འགྲོལ་གྲོང་ཚོའི་གསེར་ལུང་ཞིང་འབྲོག་ཐོན་ཟོག་ལས་སྣོན་མཉམ་ལས་ཁང་དེ་2015ལོར་བཙུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་362བཏང་ཡོད། མཉམ་ལས་ཁང་བཙུགས་པའི་ཐོག་མའི་དུས་སུ་མར་དང་། ཕྱུར་བ། ནས། ཞོག་ཁོག་སོགས་ཞིང་ཞོར་ཐོན་ཟོག་ལས་སྣོན་བྱས་ཤིང་། 2016ལོར་མཉམ་ལས་ཁང་གིས་ཐོན་ཟོག་གི་ཚོང་རྟགས་ཐོ་འགོད་བྱས་ནས་2017ལོར་ལྷ་ས་པ་ཏྲའི་ཞོའི་ལག་རྩལ་དང་སྤུས་རྟགས་ནང་འདྲེན་བྱས་ནས་ཞོའི་ཐོན་ལས་རྒྱ་སྐྱེད་བཏང་བ་རེད།

    འཇམ་དཔལ་གཡུ་སྒྲོན་གྱི་ཁྱིམ་མཉམ་ལས་ཁང་དང་ཐག་མི་རིང་བའི་སར་ཡོད་པ་དང་། སྔོན་མ་ལག་རྩལ་མེད་པའི་ཁར་ཁྱིམ་མི་ཚང་མའི་ཡོང་འབབ་ས་ཞིང་འདེབས་པ་དང་ཕྱུགས་འཚོ་བར་བརྟེན་དགོས་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་ཡོད། མཉམ་ལས་ཁང་བཙུགས་རྗེས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཁོང་མཉམ་ལས་ཁང་ལ་ལས་ཞུགས་བཀོད་སྒྲིག་བྱས་ནས་ད་ཆ་རང་ཉིད་ཀྱི་ངལ་རྩོལ་ལས་བྱུང་བའི་ཡོང་འབབ་ཀྱིས་ཁྱིམ་ལ་འཁྱག་སྒམ་དང་། བརྙན་འཕྲིན། གློག་སྒུལ་སྦག་སྦག་སོགས་ཉོས་ཡོད་པ་རེད།

    “སྔོན་མ་འོ་མར་ཡོང་འབབ་དེ་ཙམ་མང་པོ་མེད། འོ་མ་སོས་པ་འོ་མའི་ཐོན་ཟོག་བཟོ་གྲྭར་བསྐྱལ་བ་དང་། མར་རྒྱ་མ་རེར་སྒོར་30དང་། ཕྱུར་བ་རྒྱ་མ་རེར་སྒོར་10བྱས་ནས་བཙོངས་ཀྱང་ལོ་གཅིག་ལ་ཡོང་འབབ་སྒོར་6000ལས་ཡོང་གི་མེད། མཉམ་ལས་ཁང་བཙུགས་རྗེས། ང་ཚོས་ལག་རྩལ་གསར་པ་ནང་འདྲེན་བྱས་ནས་ཞོའི་བྲོ་བ་ཞིམ་དུ་བཏང་བ་མ་ཟད། གཙང་མ་ཡོད་པར་བརྟེན་མི་སེར་གྱི་ཡོང་འབབ་མང་དུ་ཕྱིན་སོང”ཞེས་མཉམ་ལས་ཁང་གི་ཕྱིར་འཚོང་བ་འཆི་མེད་བསྟན་འཛིན་གྱིས་གསར་འགོད་པར་རྩིས་རྒྱག་ཞོར་དེ་ལྟར་བཤད། ད་བར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་70ལྷག་བྱུང་ནས་ཞིང་འབྲོག་མང་ཚོགས་ལ་སྒོར་ཁྲི་49ལྷག་སྤྲད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་21བྱུང་ཡོད་པ་རེད།

    “ངས་ཞོ་དེ་དག་མཉམ་ལས་ཁང་གི་སྒོ་རྩིས་ཚོང་ཁང་དང་བརྒྱ་ཟོག་ཚོང་ཁང་དང་ཐ་ན་ལྗོངས་ནང་ཁུལ་གྱི་ས་ཆ་གཞན་དག་ལ་འཚོང་རྩིས་ཡོད”ཅེས་འཆི་མེད་བསྟན་འཛིན་གྱིས་འབྱུང་འགྱུར་ཞོའི་ཁྲོམ་རར་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད། ཁོང་གི་ངོས་ནས་ཞོ་འཚོང་རྒྱུ་དེ་ལས་ཀ་ཙམ་མ་ཡིན་པར་འགན་འཁྲི་ཞིག་ལ་བརྩི་ཡི་ཡོད།

    མཉམ་ལས་ཁང་བཙུགས་པ་ལས་ཕན་པ་ཐོབ་མཁན་དུད་ཚང་དབུལ་པོ་ཁ་ཤས་མིན་པར་ད་དུང་ཉེ་འཁོར་གྲོང་ཚོའི་བ་གསོའི་དུད་ཚང་112ལའང་ཕན་པ་ཐོབ་ཡོད། གང་ལགས་ཤེ་ན། འོ་མ་སོས་པ་དེ་དག་ལ་ཚོང་ལམ་ཡག་པོ་བྱུང་ནས་ཉེ་འཁོར་གྲོང་ཚོའི་བ་གསོའི་དུད་ཚང་ལ་འབབ་འཕར་བརྟན་པོ་ཡོང་བར་འགན་ལེན་ཐུབ་པས་རེད། “ད་ཆ་ཞོ་བྲིན་ཁ་རྒྱུག་པས་རང་ཁྱིམ་ལ་ཟླ་རེར་ཡོང་འབབ་སྒོར་1000ཟིན་གྱི་འདུག”ཅེས་ཉེ་འཁོར་གྱི་བ་གསོའི་དུད་ཚང་བཀྲ་ཤིས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།