དབུ་ཤོག>ཆེད་སྒྲིག
  • མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-05

    བདེ་སྐྱིད་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་ལམ་བུའི་འཆར་འགོད་གོ་རིམ་དང་ལྡན་པ་དང་བོད་བཟོའི་ཐོག་བརྩེགས་ཁང་པ་སྟར་པ་མང་པོ་བསྐྲུན་ཡོད་ལ་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་དང་། བྱེད་སྒོ་སྤེལ་ཡུལ། ཞིང་པའི་དཔེ་དེབ་ཁང་། རིག་གནས་བྱེད་སྒོ་ཁང་སོགས་གང་དགོས་ཚང་མ་ཡོད་པ་རེད།

    རྒྱང་རིང་ནས་ལྟ་སྐབས་གྲོང་ཚོ་ཧྲིལ་པོ་སྔོ་ཐིང་ངེར་གནས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་འདུག གཙང་སྦྲ་དོད་པའི་གྲོང་གསེབ་ཀྱི་འགྲོ་ལམ་དང་། རིམ་པ་སྟར་ཆགས་ཀྱི་བོད་བཟོའི་སྡོད་ཁང་། གྲལ་སྟར་སྒྲིག་པའི་ཉི་ནུས་ལམ་སྒྲོན། ཚོང་སྣ་འཛོམས་པའི་ཚོང་ཁང་བཅས་སྣོད་བཅུད་དང་མི་ཆོས་རིག་གནས་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་མིག་མདུན་དུ་འཆར་འོང་། བདེ་སྐྱིད་གྲོང་ཚོས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་བརྩིས་ཚུན་གྲོང་ཚོར་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ཚ་རླབས་ཤིག་འཕྱུར།

    སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་པ་དང་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱུང་བ་ལས་གྲོང་མིའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་ཆེ་རུ་སོང་ཡོད། ཉེ་བའི་ལོ་ཤས་ནང་ས་ཞིང་བརྒྱུད་བཤུག་གཏོང་བ་སོགས་སྲིད་ཇུས་བཟང་པོའི་འོག་བདེ་སྐྱིད་གྲོང་ཚོས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། གྲོང་མིར་རྒྱུ་ནོར་གྱི་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་བརྗེ་རེས་བྱ་རྒྱུའི་སྣེ་ཁྲིད་བྱེད་པ་དང་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་བྱེད་པོས་གྲོང་གསེབ་ཀྱི་བེད་མེད་ཁང་ས་དང་སྡོད་ཁང་ཐོན་ཁུངས་གང་ལེགས་སྤྱོད་རྒྱུའི་སྐུལ་ལྕག་བྱས་པ་རེད། དེའི་ཁྲོད་གྲོང་མི་མི་ཉུང་བ་ཞིག་གིས་རང་ཁྱིམ་གྱི་བེད་མེད་ས་ཞིང་ས་གནས་གཞན་གྱི་ཚལ་འདེབས་ཞིང་པར་བོགས་མར་བཏང་ནས་འགྱིག་ཤོག་དྲོད་ཁང་ཆེ་མོ་ཁོ་ན་3000ལྷག་ཙམ་བསྐྲུན་པར་ཆ་སྙོམས་ས་ཞིང་མུའུ་རེ་ནས་ལོ་རེར་བོགས་དངུལ་སྒོར་3200ཙམ་ཟིན་གྱི་ཡོད། གཞན་ཡང་། མཉེས་ཐང་ཤང་གི་བཟོ་ལས་གླིང་དུ་བདེ་སྐྱིད་གྲོང་ཚོའི་གྲོང་མི་200ལས་ཞུགས་ཐུབ་སྟེ་ཆ་སྙོམས་མི་རེར་ཉིན་རེར་གླ་ཆ་སྒོར་120ཡོད་པས་གྲོང་མི་ཚོའི་ཡོང་འབབ་མཐོ་རུ་ཕྱིན་པ་མ་ཟད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་རྒྱ་སྟོབས་ཆེ་རུ་སོང་ཡོད།

    དེ་དང་ཆབས་ཅིག་བདེ་སྐྱིད་གྲོང་ཚོས་ས་ཞིང་དང་། ངལ་ནུས། མ་དངུལ་སོགས་ཐོན་སྐྱེད་ཀྱི་གཞི་རྒྱུ་མཉམ་འདྲེས་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་སྟེ་ཆེད་ལས་ཞིང་པ་གསར་པ་དང་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པའི་སྣེ་ཁྲིད་པ་ཁག་གཅིག་ལ་གྲོང་མིའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ལྕག་སྐུལ་བྱས་ཡོད། སྐལ་བཟང་ཚེ་རིང་ཁྱོ་ཤུག་གཉིས་པོ་ནི་ཕྱུག་འགྱུར་སྣེ་ཁྲིད་པའི་དཔེ་མཚོན་དང་འདེབས་འཛུགས་མཁས་ཅན་ཡང་རེད།

    “ང་ཚོས་ཁྱོན་དྲོད་ཁང་ཆེ་མོ་4ཡི་ནང་སྔོ་ཚལ་བཏབ་པའི་ཁྲོད་དྲོད་ཁང་3ལ་ལོང་གོའི་པད་ཚལ་དང་དྲོད་ཁང་1ལ་པད་ཚལ་བཏབ་པ་ཡིན། ཉེ་དུས་ནི་ལོང་གོང་པད་ཚལ་ཁྲོམ་རར་འདོན་པའི་དུས་རེད། “ན་ནིང་ངས་པད་ཚལ་བཏབ་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་8ལྷག་ཙམ་བྱུང་བས་འབྱོར་འབྲིང་འཚོ་བ་སྔ་ས་ནས་སྐྱེལ་རྒྱུ་བྱུང་། སླད་ཕྱིན་ངས་མུ་མཐུད་པད་ཚལ་ཡག་པོ་བཏབ་སྟེ་ཚང་མར་བློ་བདེའི་ཚལ་བཟའ་རྒྱུ་ཡོང་བ་བྱེད་ཀྱི་ཡིན”ཞེས་སྐལ་བཟང་ཚེ་རིང་གིས་པད་ཚལ་བཀོག་ཞོར་གསར་འགོད་པར་བཤད། སྔོ་ཚལ་འདེབས་པ་ཕུད་སྐལ་བཟང་ཚེ་རིང་ཁྱོ་ཤུག་གཉིས་པོས་ཉེ་བའི་ལོ་ཤས་རིང་ད་དུང་སྡོང་ཕྲུག་ཚོད་འདེབས་བྱས་ཏེ། ཡོང་འབབ་དེ་བས་མང་ཙམ་བསགས་ཐུབ་པ་དང་མི་དེ་བས་མང་ཙམ་ལས་ཞུགས་ཐུབ་རེ་བྱེད་ཀྱི་ཡོད་པ་རེད།

    “ད་ཕན་ལོ་ཤས་རིང་བདེ་སྐྱིད་གྲོང་ཚོར་ཁེ་ལས་53ཙམ་ཡོད་པའི་ནང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་ལས་ཕུད་ད་དུང་མཉམ་ལས་ཁང་22བཙུགས་ཡོད། ཕྱོགས་མི་མང་བའི་སྐབས་སུ་མི་13000ཟིན་གྱི་འདུག ཁེ་ལས་དང་མཉམ་ལས་ཁང་དེ་དག་གིས་གྲོང་མི་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཤུགས་ཆེན་བྱས་ཡོད”ཅེས་བདེ་སྐྱིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོའི་ཀྲུའུ་རེན་བློ་བཟང་ཕུན་ཚོགས་ཀྱིས་བཤད།

    བདེ་སྐྱིད་གྲོང་ཚོ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡུལ་མི་པ་སངས་ལའང་ལས་གཏོད་ཀྱི་སེམས་ཤུགས་ཆེན་པོ་སྐྱེས། 2016ལོའི་ལོ་འགོར་ཁོང་གིས་སེམས་ཐག་གཙང་བཅད་ཀྱིས་ལྷ་སར་ཡོད་པའི་ཚོང་རྒྱག་མཚམས་བཞག་སྟེ་ལོ་དེ་དག་ནང་ཤེས་པའི་ལག་རྩལ་དང་ཕུན་སུམ་ཚོགས་པའི་ཁེ་ལས་དོ་དམ་ཐད་ཀྱི་ཉམས་མྱོང་ལ་བརྟེན་ནས། གྲོང་ཚོ་གཅིག་པའི་གྲོགས་པོ་འགའ་དང་མཉམ་དུ་ཕ་ཡུལ་དུ་ཆུ་ཤུར་རྫོང་མཉེས་ཐང་ནོར་དབང་དར་བོད་བཟོའི་ཁྱིམ་ཆས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས། མིག་སྔར་མཉམ་ལས་ཁང་དེར་ཁྱོན་ལས་མི་22ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་12ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། དུས་ཡུན་རིང་པོར་གྲོང་ཚོའི་དུད་ཚང་དབུལ་པོར་རོགས་སྐྱོར་ཡང་བྱེད་ཀྱི་ཡོད། མཉམ་ལས་ཁང་བཙུགས་ཚུན་རྫོང་དང་ཤང་གིས་པ་སངས“སྔོན་ཐོན་ལས་དོན་པ”དང“གྲོང་གསེབ་ཀྱི་སྣེ་ཁྲིད་པ”སོགས་ལ་ཐེངས་མང་བདམས་པས། བདེ་སྐྱིད་གྲོང་ཚོའི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

    “ད་ཆ་བདེ་སྐྱིད་གྲོང་ཚོའི་སྡོད་ཁང་ཕལ་ཆེ་བ་ཐོག་བརྩེགས་ཁང་བཟང་ཡིན་པ་མ་ཟད། གྲོང་མི་ཕལ་ཆེ་བར་འཇིབ་ཆུང་ཡོད་ལ་དངུལ་ཁུག་ལྗིད་ཏིག་ཏིག་ཡིན་པས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བློ་བཟང་ཕུན་ཚོགས་ཀྱིས་གད་མོ་དགོད་ཀྱིན་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།