དབུ་ཤོག>ཆེད་སྒྲིག
  • མི་ལ་སྙིང་རུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-05

    ཀརྨ་དབང་འདུས་ནི་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་དཔལ་རི་སྡེ་ཁུལ་གྱི་ཚོགས་ཆུང་བཞི་པའི་ཡུལ་མི་ཞིག་ཡིན་ཞིང་། ཁོང་གཞུང་དྲང་ཞིང་སེམས་ཆུང་བའི་ཁར་ལས་ཀ་ཞིག་འགོ་བརྩམས་ཕྱིན་སེམས་ཤུགས་བརྟན་པའི་གཤིས་ཀ་ལྡན།

    ཁོང་གི་བུ་མོ་གཉིས་སློབ་གྲྭ་ཆེ་མོ་འགྲིམ་པའི་ཁར་ཁྱིམ་དུ་འཚོ་བའི་ཡོང་ཁུངས་མེད་པར་བརྟེན། 2016ལོའི་ཟླ་གསུམ་པར་ཀརྨ་དབང་འདུས་ཀྱི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད། དེ་རྗེས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་རམ་ལ་བརྟེན་ནས་ཀརྨ་དབང་འདུས་ཁྱིམ་ཚང་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    “དེ་དུས་སྲིད་གཞུང་གིས་ང་ལ་ནགས་སྲུང་བའི་ལས་ཀ་བཀོད་སྒྲིག་བྱས་ནས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་བྱུང་བས་ལོ་རེར་སྒོར་3000ཡོད་པ་དང་། བཟའ་ཟླ་རྩྭ་སྲུང་བར་བསྐོས་ནས་ལོ་རེར་སྒོར་3000ལེན་རྒྱུ་ཡོད། ད་དུང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་པ་ཕུན་ཚོགས་སྒྲོལ་དཀར་དང་ངེད་ཁྱིམ་གཉིས་ཁ་གཏད་རོགས་སྐྱོར་དུ་བཀོད་སྒྲིག་བྱས་པས། འཚམས་འདྲི་བྱེད་རིམ་བཞིན་འབྲས་དང་། སྔོ་ཚལ། ཤིང་འབྲས་སོགས་དང་དེ་བཞིན་འཚམས་འདྲིའི་དངུལ་ཁྱེར་ཡོང་གི་འདུག”ཅེས་ཀརྨ་དབང་འདུས་ཀྱིས་སྔོན་གྱི་གནས་ཚུལ་དྲན་བཞིན་དུ་སེམས་སྒུལ་ཐེབས་པའི་ངང་དེ་ལྟར་བཤད།

    སྲིད་གཞུང་གི་རོགས་སྐྱོར་དང་ཀརྨ་དབང་འདུས་ཁྱིམ་གྱིས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་2017ལོའི་ཟླ་བདུན་པར་ཀརྨ་དབང་འདུས་ཁྱིམ་གྱིས་དབུལ་སྒྲོལ་འདུན་ཞུ་བྱས་པར་ཞིབ་བཤེར་རྩིས་ལེན་ཐོབ་ནས་དབུལ་ཞྭ་དངོས་སུ་ཕུད་པ་རེད། མི་རིང་བར་ཀརྨ་དབང་འདུས་ཀྱིས་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ནས་མི་སྒེར་གྱི་དངུལ་བུན་སྒོར་ཁྲི་5གཡར་ཏེ་སྒོ་ཁར་ཇ་ཁང་ཞིག་བཙུགས་པ་དང་། ཇ་ཁང་རྒྱ་ཁྱོན་དེ་ཙམ་ཆེན་པོ་མེད་ཀྱང་། དེར་བུལ་ཐུག་དང་། ཤ་བག་ལེབ། ཆུ་མོག རྒྱ་ཐུག བུལ་ཐུག་བརྔོས་མ། འབྲས་ཚལ་སོགས་སྣེ་ཁ་འཛོམས་པོ་ཡོད་པས་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།

    2018ལོར་རྒྱལ་ལམ་G560(འཕྱོངས་རྒྱས་ནས་མཚོ་སྨད་བར་གྱི་གཞུང་ལམ)བཟོས་པ་དེས་ཇ་ཁང་གི་ཚོང་སྔར་བས་ཡག་ཏུ་ཕྱིན་ཡོད་ཅིང་། དེ་དུས་ལས་ཡུལ་གྱི་སྐྱེལ་འདྲེན་ཁ་ལོ་བ་དང་། བཟོ་པ། མང་ཚོགས་ལས་མི་བཅས་དེར་ཟ་མ་བཟའ་བར་ཡོང་གི་ཡོད། “ལོ་དེར་ཟ་ཁང་ལ་ཡོང་འབབ་ཧ་ཅང་ཡག་པོ་བྱུང་ནས། ལོར་ཁེ་གཙང་སྒོར་ཁྲི་3ལྷག་བྱུང་འདུག”ཅེས་ཀརྨ་དབང་འདུས་ཀྱིས་ངོ་སྤྲོད་བྱས།

    ལོ་དེར་ཀརྨ་དབང་འདུས་ཀྱིས་ཇ་ཁང་བཙུགས་ནས་བྱུང་བའི་ཁེ་བཟང་སྒོར་ཁྲི་5དང་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་དངུལ་སྒོར་ཁྲི་1བཏོན་ནས་བོད་བཟོའི་ཁང་པ་ཉིས་ཐོག་ཅིག་བརྒྱབ་སྟེ་འཛིན་ཆས་དང་། བརྙན་འཕྲིན། འཁྱགས་སྒམ་སོགས་ཆ་ཚང་པོ་ཡོད་པ་རེད། ད་དུང་གལ་ཆེ་ཤོས་ཤིག་ལ་ཁོང་ཁྱིམ་གྱིས་སྨི་ངོས་གྲུ་20ལྷག་ཟིན་པའི་སྔོ་ཚལ་དྲོད་ཁང་ཞིག་བརྒྱབ་ནས་བཏབ་པའི་ཚལ་གྱིས་རང་མཁོ་རང་གསོ་ཐུབ་པ་རེད།

    2020ལོའི་ཟླ་གསུམ་པར་འཕྱོངས་རྒྱས་རྫོང་གནད་སྨིན་དབུལ་སྐྱོར་ཁེ་བགོས་ཟུང་འབྲེལ་ལམ་སྲོལ་གྱི་བྱ་དགའི་ལྕག་སྐུལ་མ་དངུལ་སྤྲོད་པའི་ཚོགས་འདུ་འཚོགས་རིང་། ཀརྨ་དབང་འདུས་ཀྱིས་འཐུས་མིའི་ཚབ་བྱས་ནས་ཚོགས་འདུར་ཞུགས་པ་དང་ལྕག་སྐུལ་མ་དངུལ་སྒོར་2000རག་ཅིང་། ཀརྨ་དབང་འདུས་ཀྱིས“2017ལོར་ཏང་གི་སྲིད་ཇུས་བཟང་པོར་་བརྟེན་ནས་ང་ཚོའི་ཁྱིམ་གྱི་དབུལ་ཞྭ་འབུད་ཐུབ་སོང་། ད་ཆ་རྫོང་གི་ལྕག་སྐུལ་མ་དངུལ་ཐོབ་ནས་སེམས་འགུལ་ཆེན་པོ་ཐེབས་པས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གཏམ་བཤད་བྱས།

    “དུད་ཚང་དབུལ་པོ་ནི་གཟི་བརྗིད་ཅིག་མིན། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདི་འདྲ་ཡོད་པས་ང་ཚོ་ཚང་མས་རང་སྟོབས་རང་སྤེལ་བྱེད་དགོས་པ་ལས་ལས་ཀ་ཅི་ཡང་མི་བྱེད་པར་སྡོད་རྒྱུ་མེད་ལ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བྱུང་བ་དེ་གཞན་གྱི་རོགས་སྐྱོར་བྱས་ནས་ཐོབ་པ་ལས་བློ་བདེ་བ་ཞིག་ཡོད”ཅེས་ཀརྨ་དབང་འདུས་ཀྱིས་སྡེ་ཁུལ་གྱིས་སྒྲིག་འཛུགས་བྱས་པའི“རང་སྟོབས་རང་སྤེལ་དང་ལས་བརྩོན་ཕྱུག་འགྱུར”གྱི་དབུལ་སྒྲོལ་དཔེ་མཚོན་བའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་ཐོག་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད། ཁོང་གིས“ད་ཆ་རང་ཁྱིམ་དུ་ཟས་གོས་ལ་སེམས་ཁྲལ་མེད་ལ་སྡོད་ཁང་ཡང་ཡག་པོ་ཡོད་པ་དང་རྒས་དུས་སྨན་བཅོས་འགན་ལེན་ཡོད་པས་སེམས་ཁྲལ་ཅིའང་མི་འདུག ངལ་རྩོལ་བྱས་ན་ཕྱུག་པོ་ཆགས་ཐུབ་པས་མཛེས་སྡུག་ལྡན་པའི་འཚོ་བ་རང་ཉིད་ཀྱིས་གཏོད་དགོས། འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་རྒྱུ་ཡིན་པར་ང་ལ་ཡིད་ཆེས་ཡོད”ཅེས་བཤད།

    ད་ཆ་བུ་མོ་རྒན་པ་ཚེ་རིང་པད་མ་རྒྱ་ཚ་རྫོང་གླིང་མདའ་ཤང་ལྟེ་བའི་སློབ་ཆུང་དུ་དགེ་རྒན་བྱེད་ཀྱི་ཡོད་པ་དང་། བུ་མོ་གཞོན་པ་ཆོས་སྒྲོན་བོད་ལྗོངས་མི་རིགས་སློབ་ཆེན་ལོ་རིམ་བཞི་པ་འགྲིམ་བཞིན་ཡོད། ཁོ་མོའི་འགྲོ་གྲོན་ཙག་ཙིག་ཚང་མ་གཅེན་མོས་འགན་ཁུར་གྱི་ཡོད་པས་ཁྱིམ་མིའི་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་ཡོད།

    འདི་ལོ་ཀརྨ་དབང་འདུས་ལོ་56ལ་སླེབས་པ་དང་ཁྱིམ་གྱི་དཔལ་འབྱོར་ལ་སེམས་ཁྲལ་མེད་ནའང་རང་སྟོབས་ལ་བརྟེན་པའི་བསམ་བློ་ད་དུང་དོར་མེད། ཁོང་གིས་དུད་ཚང་དབུལ་པོ་སྔར་ལས་མང་བས་རང་ཉིད་ཀྱི་དབུལ་སྒྲོལ་བརྒྱུད་རིམ་ཤེས་པ་དང་ཁོང་ཚོའི་འཚོ་བར་ཡིད་ཆེས་སྦྱིན་རྒྱུའི་རེ་བ་བཅངས་པ་མ་ཟད། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་ནི་ཆེས་གཟི་བརྗིད་ལྡན་ཤོས་ཡིན་པའི་ཡིད་ཆེས་བརྟན་པོའང་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།