དབུ་ཤོག>ཆེད་སྒྲིག
  • ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་། འབབ་འཕར་དམངས་ཕྱུག་ལས་ལ་བརྩོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-05

    ཟླ་4པའི་སླད་མོན་པ་མི་རིགས་ཤང་གི་གང་སར་དཔྱིད་ཀྱི་དཔལ་ཡོན་བཞད་ཅིང་། ཇ་འདེབས་ཞིང་པ་ཚོས་ཇ་ཞིང་དུ་ལས་ཀ་བྱེད་པའི་ངང་ཚུལ་དེ་དཔྱིད་དཔལ་སྒེག་མོར་མཚར་སྡུག་རྒྱན་གྱིས་སྤྲས་དང་གཉིས་སུ་མ་མཆིས།

    ནོར་བུ་ཚེ་རིང་ནི་སླད་མོན་པ་མི་རིགས་ཤང་སླད་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་ཡིན་ལ། སླད་མོན་པ་མི་རིགས་ཤང་ཇ་ལོ་ཞིང་འབྲོག་པ་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡང་རེད།

    “2019ལོའི་ལོ་མཇུག་ཏུ་སླད་མོན་པ་མི་རིགས་ཤང་གི་ཇ་ཞིང་རྒྱ་ཁྱོན་མུའུ་693ཟིན་པའི་ནང་ལོར་ཇ་ལོ་ཐོན་ཚད་རྒྱ་མ་19665.5ཟིན་པར་བསྡོམས་ཡོང་འབབ་སྒོར་ཁྲི་242.6རག་ཡོད”ཅེས་ཇ་ཞིང་དུ་ཇ་འདེབས་ཞིང་པར་མཛུབ་ཁྲིད་བྱེད་བཞིན་པའི་ནོར་བུ་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད།

    གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན། མཉམ་ལས་ཁང་བཙུགས་པའི་ཐོག་མའི་དུས་སུ་མ་དངུལ་དཀོན་པའི་རྐྱེན་གྱིས་ནོར་བུ་ཚེ་རིང་འཚོ་བ་སྐྱོ་པོ་མི་སྐྱེལ་ཀ་མེད་བྱུང་བ་དང་། གོང་རིམ་སྡེ་ཚན་ལ་ཇ་ལོ་བཟོ་གྲྭ་གཉེར་སྐྱོང་དང་ཇ་ལོ་ལས་སྣོན་གྱི་མ་དངུལ་ཁྱོན་སྒོར་ཁྲི་30འདུན་ཞུ་བྱས་ཁར་ཤང་དེ་ཡོངས་ཀྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཇ་ལོ་མཉམ་ལས་ཁང་གི་ལས་ཀའི་ནང་ཞུགས་པ་རེད། ཇ་འདེབས་ཞིང་པའི་ཡིད་ཆེས་ཐོབ་ཆེད་ནོར་བུ་ཚེ་རིང་གིས་ངལ་རྩོལ་གླ་ཆ་དུས་ཐོག་ཏུ་སྤྲོད་གང་ཐུབ་བྱས་ཡོད། འབད་བརྩོན་རབ་དང་རིམ་པ་བྱས་མཐར་མང་ཚོགས་ཀྱིས་ཀྱང་བསམ་པ་རྣམ་དག་གིས་ཁོང་དང་མཉམ་དུ་ལས་ཀ་དེ་བྱེད་འདོད་པ་དང་རིམ་གྱིས་སླད་མོན་པ་མི་རིགས་ཤང་གི་ཇ་ལོ་དེར་སྐད་གྲགས་མེད་པ་ནས་ཡོད་པར་གྱུར་ཏེ་དངོས་ཕན་མང་པོ་ཐོབ་ཅིང་། གཙོ་བོར་ཇ་ཤིང་འདེབས་པ་དང་། ཇ་ལོ་ལས་སྣོན། མཉེན་ཇ་ལས་སྣོན། དེ་བཞིན་ཕྱིར་འཚོང་བཅས་གཞི་གཅིག་ཡིན་པའི་ཆེད་ལས་མཉམ་ལས་ཁང་ཞིག་གཉེར་བ་རེད།

    “ང་ཚོས་ཆུང་དུས་ནས་ཇ་བཏབ་ནས་ཇ་འཐུང་གི་ཡོད་ནའང་ཇ་ལ་བརྟེན་ནས་ཕྱུག་པོ་ཆགས་ཐུབ་པ་ཡིད་ལའང་འཁོར་མ་མྱོང་། ནོར་བུ་ཚེ་རིང་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་གིས་ང་ཚོར་ཚན་རིག་དང་མཐུན་པའི་ཇ་འདེབས་སྟངས་བསླབ་ནས་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱས་བྱུང”ཞེས་གྲོང་མི་སྒྲོལ་མས་བརྗོད།

    ནོར་བུ་ཚེ་རིང་ཚན་རྩལ་ཆེད་མངགས་པར་གདན་ཞུ་བྱས་པ་ནས་བཟུང་། ཁོང་རང་ཉིད་ཀྱིས་ཚན་རིག་ཤེས་བྱ་དང་རྩལ་ནུས་བསླབ་པ་མ་ཟད། ད་དུང་ཚན་ཞིབ་རྣམ་གྲངས་དང་། རོགས་སྐྱོར་མ་དངུལ། ཆེད་དོན་ལག་རྩལ་སྔར་བས་མང་བར་བརྟེན་ནས་ཡུལ་མི་རྣམས་ལ་ལས་གཏོད་འབབ་འཕར་ཡོང་རོགས་བྱས་པ་རེད།

    ནོར་བུ་ཚེ་རིང་གིས“ཇ་ལོའི་ཐོན་ལས་སྔར་བས་ལེགས་པའི་ངང་གོང་འཕེལ་གཏོང་འདོད་ན། ནམ་རྒྱུན་ཞིང་ནང་གཡོག་བྱེད་ཕུད་ཇ་ལོའི་སྤུས་ཀ་ལེགས་སུ་གཏོང་བ་དང་། ཐུམ་སྒྲིལ་ཡག་པོ་རྒྱག་པ། གཉེར་སྐྱོང་ལེགས་སྒྱུར་དང་ཁྱད་ཆོས་གོང་མཐོར་གཏོང་བ་བཅས་བྱེད་དགོས་ཀྱི་ཡོད”ཅེས་བཤད། ཇ་འདེབས་ཞིང་པའི་ལག་རྩལ་ལེགས་སུ་གཏོང་ཆེད་ནོར་བུ་ཚེ་རིང་གིས་རྟག་ཏུ་ཇ་འདེབས་ཞིང་པ་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱི་ནང་དུ་ཇ་འདེབས་དང་། ཇ་ལོ་འཐོག་པ། ལས་སྣོན་སོགས་ཀྱི་ལག་རྩལ་ཐད་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།

    དེ་དང་ཆབས་ཅིག་ཇ་ལོ་མཉམ་ལས་ཁང་གིས་རྒྱུན་ཆད་མེད་པར་ཇ་ལོ་ཐུམ་སྒྲིལ་ལ་ལེགས་སྒྱུར་བྱས་ཏེ“ལེགས་པོའི་བྱིན་ལྡན་ཇ”ཞེས་པའི་སྤུས་རྟགས་གསར་པ་བཏོད་ནས་འཚོང་འགོ་ཚུགས་ཤིང་། ཐོན་ཟོག་གི་ཟུར་སྣོན་རིན་ཐང་ཆེ་རུ་སོང་སྟེ་ཇ་འདེབས་ཞིང་པའི་ཡོང་འབབ་མང་དུ་ཕྱིན་ཡོད།

    “དེ་སྔོན་རང་ཁྱིམ་གྱི་ཞིང་ཁའི་ལོ་གཅིག་གི་ཡོང་འབབ་ད་ཆའི་ངའི་ཟླ་བ་གཅིག་གི་ཡོང་འབབ་ཙམ་ཡང་ཟིན་གྱི་མེད། ད་ཆ་ངས་ཉིན་ལྟར་རང་ཁྱིམ་གྱི་ཞིང་ཁར་ལས་ཀ་བྱས་པར་ཉིན་རེར་གླ་ཆ་སྒོར་130ཡོད་པ་དང་ལོ་གཅིག་གི་རིང་གླ་ཆ་དང་། ས་ཞིང་བརྒྱུད་བཤུག་གི་དངུལ། ལོ་མཇུག་གི་ཁ་གསབ་དངུལ་བཅས་བསྡོམས་ན་ཁྱོན་སྒོར་ཁྲི་5ལྷག་ཡོད། འདི་དག་ཚང་མ་ནོར་བུ་ཚེ་རིང་ལགས་ཀྱི་བཀའ་དྲིན་ཡིན”ཞེས་གྲོང་མི་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་བཤད།

    ཇ་ལོའི་ཐོན་ལས་གཉེར་ནས་ཡོང་འབབ་མང་དུ་སོང་། ཇ་འདེབས་ཞིང་པས་ཕྱུག་འགྱུར་གྲུབ་འབྲས་ལོངས་སུ་སྤྱོད། 2019ལོར་ཤང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཁེ་གཙང་སྒོར་ཁྲི་49བགོ་རྒྱུ་བྱུང་བ་དང་མཉམ་ལས་ཁང་གིས་རོགས་སྐྱོར་མ་དངུལ་སྒོར་85880དོན་འཁྱོལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།