སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་བཙན་ཐང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཚེ་རིང་ནི“གཞི་རིམ་བ་རྒན་གྲས”ཤིག་ཡིན། 1968ལོར་སྐྱེས་པའི་ཁོང་1992ལོར་བཙན་ཐང་སྡེ་ཁུལ་གྱི་རྩིས་པ་བྱས་པ་ནས་བཟུང་ད་བར་གཞི་རིམ་དུ་ལས་ཀ་བྱས་ནས་ལོ་28ཕྱིན་ཡོད་པ་རེད།
ལོ་28རིང་། ཚེ་རིང་གིས་ཏང་གི་དམིགས་ཡུལ་ཡིད་ལ་བརྟན་པོར་བཅངས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ཤིང་། ལས་དོན་ཡག་པོ་བསྒྲུབས་རྐྱེན། 2014ལོར་ཚེ་རིང་གཞི་རིམ་གཞུང་ཞབས་པར་བསྒྱུར་པ་དང་། 2015ལོ་ནས་བཟུང་བཙན་ཐང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བྱས་པ་རེད། དེའི་རིང་། ཁོང་གིས་དུས་ཚོད་ཕལ་ཆེ་བ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར་གཞོལ་བ་རེད།
“ཁ་བཤད་ལག་བསྟར་ཐུབ་པའི་གཞུང་ཞབས་པ་ཞིག་བྱེད་དགོས”
གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཚེ་རིང་ལ་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་འཇོན་ཐང་ཆེན་པོ་ཡོད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན་དུ། ཚེ་རིང་གིས་ཟླ་བ་རེར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་དུ་འཚམས་འདྲིར་ཐེངས་3རེ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག་མང་ཚོགས་དང་མཉམ་དུ“རྩིས་གསལ་པོ”བརྒྱབ་ནས། ཁོང་ཚོར་ཕན་པ་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ་དངོས་འབྲེལ་ཤེས་སུ་བཅུག་པ་རེད།
བཙན་ཐང་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དང་སྨན་བཅོས་སོགས་དམངས་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་པས་ས་ཕྱོགས་གང་སར་སྐད་གྲགས་ཆོད་ཡོད། ད་ཆ། སྡེ་ཁུལ་ལས་བྱེད་པའི་སྣེ་ཁྲིད་འོག སྡེ་ཁུལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་8ཚང་མ་དབུལ་སྒྲོལ་བྱུང་ཡོད། “གལ་སྲིད་ཧྲུའུ་ཅི་ཚེ་རིང་ལགས་ཀྱི་དོ་ཁུར་དང་སྣེ་ཁྲིད་མེད་ཚེ། ང་ཚོ་དུས་ཐུང་འདི་འདྲའི་ནང་དབུལ་སྒྲོལ་བྱེད་ཁག་པོ་རེད”“ཧྲུའུ་ཅི་ཚེ་རིང་རྟག་པར་ཁྱིམ་དུ་ཕེབས་ནས་དམངས་ཕན་ཁ་གསབ་དེ་དག་རག་བྱུང་ངམ་ཞེས་ཡང་སེ་འདྲི་བ་དང་། དམངས་ཕན་སྲིད་ཇུས་གང་ཞིག་དོན་ཐོག་ཏུ་ཡག་པོ་མ་འཁྱོལ་བར་ང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་ངན་པ་ཐེབས་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་ཀྱི་འདུག”ཅེས་སྡེ་ཁུལ་དེའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ལྷག་པ་སྒྲོལ་མས་བཤད།
“མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་བྱེད་དགོས”
སྣེ་གདོང་ཆུས་གྱི་གྲོང་ཚོ(སྡེ་ཁུལ)ཁག་གི་ཁྲོད། ཚེ་རིང་ནི་ལས་ཀ་བྱེད་ཕོད་མཁན་ཞིག་རེད་ཅེས་སྐད་གྲགས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཁོང་གི་སྣེ་ཁྲིད་འོག བཙན་ཐང་སྡེ་ཁུལ་གྱིས“འབྱོར་འབྲིང་ཕུགས་འདུན”ཞིང་འཕྲུལ་ཚོང་གཉེར་མཉམ་ལས་ཁང་དང་། མཆོད་རྟེན་དཀར་པོ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་། ཁང་སྨད་གསོ་ཚགས་སོགས་མཉམ་ལས་ཁང་མང་པོ་སྔ་རྗེས་སུ་བཙུགས་པ་དང་། ལྷག་པར་ཏུ་ཁོང་གིས་སྡེ་ཁུལ་དེའི་བུད་མེད་ཚོ་སྒྲིག་འཛུགས་བྱས་ནས་བུད་མེད་ཀྱི་ཁྱིམ་གཞིས་ཞེས་པའི་ཟ་ཁང་ཞིག་གཉེར་ཡོད་པ་དེ་ད་ཆ་ས་གནས་དེ་གའི་སྤུས་རྟགས་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་རེད།
ཤེལ་བྲག་ལ་ཡུལ་སྐོར་བ་མང་པོ་ཡོང་བའི་དོན་དངོས་ལ་དམིགས་ནས། 2014ལོར། ཚེ་རིང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡེ་ཁུལ་དུ་ཇ་ཁང་དང་མགྲོན་ཁང་གཉེར་བ་དང་། གཞོན་ནུ་མང་པོ་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་ཡང་ལྷོ་ཁ་གྲོང་ཁྱེར་དུ་ཁང་ནང་རྐང་རྩེད་སྤོ་ལོའི་ཐང་མེད་པར་དམིགས་ནས། 2017ལོར། ཁོང་གིས་གོང་རིམ་འབྲེལ་ཡོད་སྡེ་ཚན་ནས་མ་དངུལ་རག་ཐབས་བྱས་ཏེ། མཆོད་རྟེན་དཀར་པོ་ཁང་ནང་རྐང་རྩེད་སྤོ་ལོའི་ཐང་བསྐྲུན་པ། ལྷོ་ཁ་གྲོང་ཁྱེར་དུ་བྲག་འཛེག་སོགས་ཀྱི་ལུས་སྦྱོང་རོལ་རྩེད་ར་བ་མེད་པར་དམིགས་ནས། 2019ལོར། ཁོང་གིས་བོད་སྐྱོར་མ་དངུལ་རག་ཐབས་བྱས་ནས་བཙན་ཐང་ཁང་ཕྱིའི་རྟེན་གཞི་བསྐྲུན་པ། ལྷོ་ཁ་གྲོང་ཁྱེར་དུ་ཁང་ཕྱིའི་ཆུ་རྐྱལ་ཁང་མེད་པའི་དོན་དངོས་ལ་དམིགས་ནས། འདི་ལོ་ཁོང་གིས་མ་དངུལ་རག་ཐབས་བྱས་ནས་ཁང་ཕྱིའི་ཆུ་རྐྱལ་ཁང་བསྐྲུན་པ་སོགས་རེད།
“ཏང་གི་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས”
“འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སྤྱོད་ཐུབ་པ་དགོས”2016ལོ་ནས་བཟུང་བཙན་ཐང་སྡེ་ཁུལ་གྱིས་མང་ཚོགས་ཚང་མར་ཁེ་སྤོགས་བགོ་བཤའ་རྒྱག་འགོ་ཚུགས་པ་རེད། ད་ཆ། ཁེ་སྤོགས་བགོ་འགྲེམས་དེ་མི་རེར་ལོ་རེར་སྒོར་3000ནས་5000བར་མཐོ་རུ་ཕྱིན་པ་མ་ཟད། བུད་མེད་ཀྱི་བགོ་འགྲེམས་ཀྱང་2018ལོའི་མི་རེར་ལོ་རེར་སྒོར་1000ནས་1500བར་མཐོ་རུ་ཕྱིན་ཡོད། གཞན་ཡང་། བཙན་ཐང་སྡེ་ཁུལ་གྱིས་ལོ་60ཡན་གྱི་རྒན་རྒོན་རེར་ལོ་རེར་ལོ་གསར་གོང་གི་འཚམས་འདྲིའི་དངུལ་500རེ་དང་། ལོ་60ཡན་གྱི་ངལ་ནུས་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྒན་རྒོན་གཉིས་ལ་འཚོ་བའི་ཁ་གསབ་མི་རེར་ཟླ་རེར་སྒོར་300རེ་སྤྲོད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་གཉིས་ལ་མི་རེར་ཟླ་རེར་རོགས་དངུལ་སྒོར་250རེ་སྤྲོད་པ། ཡུལ་མི་རེར་ལོ་རེར་སྨན་བཅོས་འགན་བཅོལ་དངུལ་སྒོར་120རེ་ཚབ་སྤྲོད་བྱེད་ཀྱི་ཡོད། “བྱ་བཟང་འདི་དག་ཚང་མ་ཀུན་གྱིས་ཤེས་ནས་ཧ་ཅང་དགའ་པོ་བྱུང་ཡོད། ཚང་མས་ཧྲུའུ་ཅི་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག ང་ཚོའི་འཚོ་བ་ཇེ་ཡག་ནས་ཇེ་ཡག་རེད་ཅེས་ཟེར་གྱི་འདུག”ཅེས་ལྷག་པ་སྒྲོལ་མས་བཤད།
ཚེ་རིང་གིས“ཏང་ཡོན་ལས་བྱེད་པས་ཏང་གི་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཚེ་གཞི་ནས་མང་ཚོགས་ཁྲོད་དབང་གྲགས་ཆགས་ཐུབ་ལ། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ”ཅེས་བཤད་པ་རེད།