དབུ་ཤོག>ཆེད་སྒྲིག
  • ནས་ཞིང་དེ་དག་རྒྱལ་ཁབ་ཀྱི་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་དུ་ཇི་ལྟར་གྱུར་པ་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-05

    2019ལོའི་ཟླ་11པར་གཞིས་རྩེའི་ཇོ་རིའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་དེ་ཉིད་དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཞིང་ནང་ཕྱོགས་བསྡུས་རིགས་ཀྱི་རྒྱལ་ཁབ་ཀྱི་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་དང་པོ་དེར་གྱུར་པ་རེད།

    རྒྱལ་ལམ་349བརྒྱུད་པ་སྣམ་རྫོང་གྲོང་ནས་རྡོག་ཐོན་བྱས་ཏེ་ནུབ་ལ་སྤྱི་ལེ་5ཙམ་བསྐྱོད་ཚེ་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་གྱི་ཇོ་རིའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་དུ་སླེབས།

    རྒྱང་རིང་ནས་བལྟས་ཚེ་དེང་རབས་ཅན་གྱི་སྔོ་ཚལ་དྲོད་ཁང་ཆེ་མོ་རེ་རེ་བཞིན་ཆགས་པ་དེ་དག་རི་མོ་བྲིས་པ་ལྟར་ཧ་ཅང་མཛེས་སྡུག་ལྡན།

    དེས་ན་སུས་ཀྱང་བསམ་མི་ཐུབ་པ་ཞིག་ནི་དེ་སྔ་དེ་གར་མུ་མཐའ་མེད་པའི་ནས་ཞིང་ཡིན་ཞིང་། ཞིང་ས་གཤིན་པོ་ནས་མཛེས་ལྗོངས་བར་ཇོ་རིའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་དེར་པ་སྣམ་རྫོང་གི་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་པོ་ཡོད་པ་མ་ཟད་ཡུལ་དེའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རེ་འདུན་ཡང་བཅོལ་ཡོད།

    བསམ་བློའི་འཆིང་རྒྱ་མེད་པ་བཟོས་ཏེ་ཐབས་ལམ་ཡངས་ལ་གྲུབ་ཆ་ལེཌ་སྒྲིག་བྱས་པ།

    1998ལོར་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་པ་སྣམ་རྫོང་གི་ནས་ལ་ལོ་10བསྟུད་མར་ལོ་ལེགས་བྱུང་མོད། འོན་ཀྱང་ཞིང་ལས་ཐོན་ཟོག་གི་གྲུབ་ཆ་རྐྱང་པ་ཡིན་པས་མང་ཚོགས་ཀྱི་འབབ་འཕར་དགོས་མཁོ་སྐོང་མི་ཐུབ་པར“ནོར་ཞིང”ཡོད་ཀྱང་འཚོ་བ་ཐབས་ཆག་ལས་སྐྱེལ་ཐུབ་མེད།

    ཧྲན་ཏུང་ཆི་ནན་གྱི་བོད་སྐྱོར་ལས་བྱེད་པས་བརྟག་ཞིབ་བྱེད་སྐབས་པ་སྣམ་གྱི་ས་རྒྱུ་ལེགས་པ་དང་ཆུ་སྤུས་དག་པའི་ཁར་འགྲིམ་འགྲུལ་སྟབས་བདེ་བས་སྔོ་ཚལ་འདེབས་པའི་རྨང་གཞི་ཡག་ལ་མདུན་ལམ་ཡག་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད།

    ལོ་20ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་འཆར་འགོད་དེ་དོན་དངོས་སུ་གྱུར་པ་དང་པ་སྣམ་རྫོང་ཡང་རང་ལྗོངས་ཀྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བའི“སྔོན་སྐྱོད་དམག”ཏུ་གྱུར་པ་རེད།

    2016ལོར་ཧྲན་ཏུང་གི་ཚོང་པ་ཀན་ནན་གྱིས་སྟེས་དབང་གི་གོ་སྐབས་ཤིག་ལ་པ་སྣམ་རྫོང་གི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་པ་སྣམ་རྫོང་དུ་ས་གནས་ས་ཐོག་ཏུ་ཐོན་ལས་རྣམ་གྲངས་ལ་རྟོག་ཞིབ་བྱེད་པར་སླེབས།

    ས་མཐོའི་ནམ་མཁའ་སྔོ་བ་དང་དྭངས་གཙང་གི་སྤྲིན་དཀར་འོག་ཏུ་མྱང་ཆུ་གཙང་པོ་ལས་ཆུ་དྲངས་པའི་ས་གཞི་གཤིན་པོ་དེའི་སྟེང་ལངས་སྐབས་ཀན་ནན་གྱི་ཡིད་དབང་རབ་ཏུ་འཕྲོག

    “པ་སྣམ་གྱི་ས་རྒྱུ་གཤིན་ལ་ཆུ་འཕེལ་བ་དང་། རྨང་གཞི་ཡག་པ། སྲིད་ཇུས་བཟང་བ་བཅས་ཡོད་པས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ལས་ལྟ་སྐོར་དང་འཐུ་བསྡུ་རྐྱང་པ་ནས་སྣེ་འཛོམས་སོས་དལ་སྤྲོ་གསེང་དུ་འཕེལ་རྒྱས་གཏོང་བའི་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེན་པོ་འདུག”སྐབས་དེ་དུས་ཀྱི་པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ་ཡི་སྐད་ཆ་ཚིག་ཁ་ཤས་དེ་ཀན་ནན་གྱི་སེམས་ནང་བརྟན་པོར་ངེས་པ་མ་ཟད་བོད་དུ་མ་འཇོག་ལས་གཏོད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་དེ་བས་བརྟན་དུ་སོང་ཡོད།

    གྲ་སྒྲིག་ནན་ཏན་བྱས་པ་བརྒྱུད་འགྲོ་ལུགས་ཁག་གི་ཞིབ་མཆན་བཀོད་རྗེས་2017ལོར་པ་སྣམ་གྱི་ཀྲུང་གོ་ཞིང་ལས་ཧྲེང་ཡུས་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་ཀན་ནན་གྱིས་ཏུང་ཧྲི་ཀྲང་གི་འགན་ཁུར་བ་དང་འབྲེལ་ཇོ་རིའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་གི་རྣམ་གྲངས་སྐྲུན་འགོ་ཚུགས།

    ད་ཆ་ཇོ་རིའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་དུ་ཚན་རྩལ་མཐོ་བའི་ཞིང་ལས་དྲོད་ཁང་ཆེ་མོ་128ཡོད་ཅིང་། ཆ་འཕྲིན་ཅན་ལྟེ་གནས་དང་། སྣོད་བཅུད་ཉམས་ལེན་ཁང་། ཞིང་ལས་ཆ་འཕྲིན་ཁང་། ཤིང་ཏོག་དང་སྔོ་ཚལ་འཐུ་ཁང་། ཞིང་ལས་འགྲེམས་སྟོན་ཁང་སོགས་འགྲེམས་ཁང་སྔ་རྗེས་སུ་སྤྱོད་འགོ་ཚུགས་པ་རེད།

    འདྲི་རྩད་བྱས་པ་བརྒྱུད་ཇོ་རིའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་དུ་ཁྱོན་རྩ་ཆེའི་མེ་ཏོག་དང་རྩི་ཤིང་སྣ་ཁ་200ལྷག་ཙམ་བཏབ་པ་དང་ཤིང་ཏོག་དང་སྔོ་ཚལ་སྣ་ཁ་90ལྷག་ཙམ་བཏབ་པ་རེད།

    བེད་མེད་དུ་ལུས་པའི་ཐོན་ཁུངས་བེད་སྤྱོད་བྱས་པས་ཡུལ་མི་ཕྱུག་པོ་ཆགས་ཤིང་གྲོང་གསེབ་མཛེས་སྡུག་ལྡན་པར་གྱུར་བ།

    ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་རིའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་བསྐྲུན་ཚུན་རིམ་རྩིས་བརྒྱབ་ན་ས་ཞིང་མུའུ་1700ལྷག་ཙམ་བརྒྱུད་བཤུག་བྱས་པར་ས་ཞིང་བརྒྱུད་བཤུག་མ་དངུལ་སྒོར་ཁྲི་3930སྤྲད་པ་དང་ཡུལ་དེའི་གནས་སྐབས་བཟོ་པ་མི་ཐེངས་15000བསྡུས་པར་ལོ་གསུམ་རིང་གླ་ཆ་ཁྱོན་བསྡོམས་སྒོར་ཁྲི་1400དང་ཐོན་ལས་ཀྱི་ཁེ་སྤོགས་སྒོར་ཁྲི་277.5སྤྲད་པས་ཡུལ་དེའི་མང་ཚོགས་150ཡུན་རིང་ལས་ཞུགས་ཡོང་བར་སྐུལ་ཁྲིད་བྱུང་བའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་32དང་སློབ་གྲྭ་ཆེ་མོ་བ་8ཡོད་པ་དང་ཡུལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་2247ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ཡོད།

    མཛེས་སྡུག་ལྡན་པའི་འཆར་འགོད་དེ་དོན་དངོས་སུ་གྱུར་ནས་ཕུགས་འདུན་མངོན་འགྱུར་བྱུང་བ།

    “ལྔ་གཅིག”གུང་གསེང་སྐབས་ཇོ་རིའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་གི་གདོད་མའི་ཞིང་ས་གཤིན་པོའི་མཛེས་ལྗོངས་ལ་མཐའ་འཁོར་མང་ཚོགས་ཀྱི་ཡིད་དབང་འཕྲོག་པ་དང་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་དེ་གར་སྤྲོ་གསེང་དང་སོས་དལ་དུ་ཡོང་བར་ཉིན་5ཡི་རིང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་བ་རེད།

    གཞིས་རྩེ་གྲོང་ཁྱེར་གྱི་གྲོང་མི་སྤེན་པ་ཚེ་རིང་གིས་ནང་མི་ཁྲིད་དེ་གླིང་དུ་སྤྲོ་གསེང་གཏོང་བར་ཡོང་ཞིང་། ཁོང་གིས་གླིང་དེའི་ནང་བོད་དུ་གཏན་ནས་མཐོང་མྱོང་མེད་པའི་མེ་ཏོག་དང་རྩི་ཤིང་ཡ་མཚན་ཅན་མང་པོ་འདུག་ལ་ཕྲུ་གུ་ཚོས་ཀྱང་ཤིང་ཏོག་དང་སྔོ་ཚལ་སྣ་ཚོགས་འཐུ་རྒྱུར་དགའ་པོ་བྱེད་ཀྱི་འདུག གླིང་གི་གཉེར་སྐྱོང་བྱེད་སྟངས་དེས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་ནས་སླད་ཕྱིན་ཡོང་འབབ་ལེགས་སུ་འགྲོ་སྲིད་ཅེས་བཤད།

    ཇོ་རིའི་ཞིང་ལས་དངོས་མང་སྟོན་ཚོགས་གླིང་གི་འཆར་འགོད་འགྲེམས་པང་ཐོག་ནས་གླིང་ཧྲིལ་པོར་ཞིང་ལས་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་ཁུལ་དང་། ཞིང་ལས་གླིང་གི་ལས་སྣོན་ཞིབ་ཚགས་ཀྱི་དབྱེ་འབྱེད་ཁུལ། སྣོད་བཅུད་ཚན་རྩལ་ཁྱབ་གདལ་སློབ་གསོའི་ཁུལ། སྣོད་བཅུད་ཕྱོགས་བསྡུས་དོ་དམ་ཁུལ། མྱང་ཆུ་གཙང་པོའི་སྣོད་བཅུད་ལྟེ་བའི་གསོ་སྐྱོང་ཁུལ། མྱང་ཆུ་གཙང་པོའི་སྣོད་བཅུད་ལྟ་སྐོར་ཉམས་ལེན་ཁུལ། སྣོད་བཅུད་ཞིང་ལས་ལྟ་སྐོར་ཉམས་ལེན་ཁུལ། རིག་ལྡན་ཚན་རྩལ་སྣོད་བཅུད་ཞིང་ལས་འགྲེམས་སྟོན་ཁུལ། ས་མཐོའི་ཞིང་ལས་འདེབས་གསོ་ཁུལ་བཅས་ས་ཁོངས་ཆེན་པོ་9ཡོད་པ་མཐོང་ཐུབ་པ་དང་དེ་དག་བསྐྲུན་རྗེས་མྱང་ཆུ་གཙང་པོའི་འདམ་ར་སྲུང་སྐྱོང་གི་ལྟ་སྐོར་ཁུལ་དང་། སྣོད་བཅུད་ཞིང་ལས་དངོས་མང་སྟོན་ཚོགས་འགྲེམས་སྟོན་ཁུལ། སྣོད་བཅུད་ཞིང་ལས་ལྟ་སྐོར་ཉམས་ལེན་ཁུལ། ཕྱོགས་བསྡུས་ཡུལ་སྐོར་ཞབས་ཞུའི་ནུས་པའི་མཚམས་ཚིགས། སྣོད་བཅུད་ཞིང་ལས་ཐོན་ཟོག་ལས་སྣོན་མཚམས་ཚིགས། སྣོད་བཅུད་ཞབས་ཞུའི་ཉམས་ལེན་ནུས་པའི་མཚམས་ཚིགས། རིག་ལྡན་སྣོད་བཅུད་ཞིང་ལས་ཉམས་ལེན་མཚམས་ཚིགས་བཅས་ཀྱི“རྒྱུད་གཅིག་དང་། ཁུལ་གཉིས། མཚམས་ཚིགས་བཞིའི”བར་མཐོངས་བཀོད་པ་ཆགས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྫོང་དེ་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་1.4ཟིན་ནས“མདའ་གཅིག་དང་། དབུས་གཅིག ལྟེ་བ་གཉིས། ཡུག་ཁུལ་དྲུག རྟེན་གཞི་26”བཅས་ཀྱི་ས་ཁོངས་བཀོད་པ་གཞི་རྩའི་ཆ་ནས་གྲུབ་སྟེ་མང་ཚོག་དུད་ཚང་3200ལྷག་ཙམ་ཐད་ཀར་ཞུགས་རྒྱུར་སྐུལ་འདེད་བྱས་ཐོག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་728ལ་ལས་ཞུགས་ལས་གནས་བརྟན་པོ་ཞིག་མཁོ་འདོན་བྱས་པ་རེད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་བཞིན་དུ་པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་འཕྲིན་ལས་རྣམ་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་ལ་དམ་འཛིན་བྱས་ཏེ་ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་སྔོན་འགྲོར་བརྩིས་ནས་པ་སྣམ་འདི་ཉིད་བོད་ཀྱི་ལྗང་མདོག་ཞིང་ལས་ཐོན་ཟོག་མཁོ་འདོན་རྟེན་གཞི་གལ་ཆེན་དུ་བཏོད་ཐོག་2025ལོར་སླེབས་སྐབས་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་2.2ཡན་ཟིན་པ་བྱས་ཏེ་རྫོང་ཡོངས་ཀྱི་མང་ཚོགས་གསུམ་ཆ་གཉིས་ཡན་ཞུགས་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དང་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ཟིན་པ་བྱས་ཏེ་དེ་ཉིད་པ་སྣམ་གྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་བརྟན་པོ་ཡོང་བའི་ཀ་རྟེན་ཐོན་ལས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།