མིག་སྔར་གསར་འགོད་པ་བོད་ལྗོངས་གློག་དྲ་འཛུགས་སྐྲུན་པ་དང་མཉམ་དུ་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ཁྲོད་ཀྱི་དཀའ་ཚེགས་ཆེ་བའི་འཛུགས་སྐྲུན་རྣམ་གྲངས་ཏེ། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི“ཁུལ་གསུམ་ཀྲོའུ་གསུམ”རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་བསྐྱོད་དེ། རྒྱལ་ཁབ་གློག་དྲ་འཛུགས་སྐྲུན་པ་ཚོས་གཡང་གཟར་རི་ཁྲོད་དུ་དཀའ་ངལ་ལ་མི་འཛེམས་པར་བསྒྲུབས་པའི་ལས་དོན་ལ་དཔང་པོ་བྱས་པ་ཡིན།
མགོ་ཡར་བཏེགས་ན་གནམ་ལས་མཐོང་རྒྱུ་མེད་པ་དང་། གཡས་གཡོན་ཚང་མ་གཡང་གཟར་བྲག་རིས་བསྐོར་ནས་འདུག་ཅིང་། ཆུ་ཚོད་གཅིག་ཙམ་བཞུད་རྗེས། ས་བབ་མཐོ་ཚད་སྨི་3000སར་འབྱོར། ཁོར་ཡུག་འདི་འདྲའི་འོག་ཆན་ཕུའུ་35ཟིན་པའི་གློག་སྒྲོམ་བསླང་རྒྱུ་ནི་བསམ་ཚོད་ལས་དཀའ་བའི་ལས་ཀ་ཞིག་མ་ཡིན་ནམ། གཞིས་རྩེ་གྲོང་ཁྱེར་གྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཀྱི་འགན་འཁུར་བ་བློ་བཟང་གིས“ང་ཚོའི་ལས་གྲྭ་དེ་ན་ནིང་ཟླ་བཞི་པར་འགོ་ཚུགས་པ་རེད། ལམ་རྒྱུད་ས་གཤིས་རྙོག་འཛིང་ཆེ་བ་དང་ས་ཆ་སོབ་སོབ་ཡིན་པར་བརྟེན། ས་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱི་འདུག ཕྱིས་སུ་ཨར་ལས་བྱེད་ཀྱིན་དུ་ལམ་གཞན་ནས་གཡོལ་དགོས་པར་བརྟེན། ལོ་མཇུག་ཏུ་སླེབས་སྐབས་ལས་དུས་ཉིན་100མང་བ་འགོར་འདུག”ཅེས་བརྗོད་བྱུང་།
ན་ནིང་ཆར་ཤོས་ཆེ་བའི་སྐབས་སུ་བློ་བཟང་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་བར་བསྐྱོད་སྐབས། གློ་བུར་དུ་རི་ཉིལ་བ་དང་གཡོལ་ནས་བྲོས་པའི་སྐབས་སུ་རི་སྐེད་ནས་རྦབ་འདྲིལ་ཐེབས་ཏེ་རི་གཤམ་གྱི་རྡོ་རྣོ་པོ་ཞིག་ལ་ལུས་པོ་ཟུག་གྲབས་བྱས།
“སྐབས་དེ་དུས་ང་ཤི་གྲབས་བྱས་བྱུང”ཞེས་དོན་དེ་ད་དུང་བློ་ལ་ངེས་པའི་བློ་བཟང་གིས་རང་ཉིད་འདྲིལ་སར་མཛུ་གུ་བཙུགས་ནས་བརྗོད་བྱུང་། དེའི་དུས་ན། རི་སྐེད་ཀྱི་གཡང་གཟར་འཕྲང་ལམ་དུ་ལས་མི་ཁག་གཅིག་གངས་པུས་མོ་ཙམ་དུ་སླེབས་པའི་ཁྲོད་དུ་དཀའ་ཚེགས་ཆེན་པོས་རི་བོ་འཛེགས་བཞིན་འདུག
ཡུད་ཙམ་སོང་རྗེས་ལས་མི་ཚོ་གཡང་གཟར་གྱི་གནས་ཤིག་ཏུ་འབྱོར་བ་དང་ངལ་ཕྲན་བུ་གསོས་རྗེས། ཚང་མས་ལག་གཉིས་ཀྱིས་གངས་བཤངས་ནས་ས་ངོས་སུ་རླུང་གཡོར་བརྒྱབ།
ལམ་ཐག་རིང་བར་བརྟེན། གྲོག་རོང་གཡས་གཡོན་གཉིས་ཀྱི་མི་སྣ་ཕན་ཚུན་འབྲེལ་བ་བྱེད་ཐབས་བྲལ། བློ་བཟང་གིས་ལབ་པར་སྤྱད་ནས་གནས་ཚུལ་སྐད་ཆ་འདྲི་བ་དང་གཅིག་ཤོས་ནས་རང་ཉིད་ཀྱི་གནས་ཚུལ་བརྗོད་བཞིན། ཁོང་གིས“གཡང་གཟར་ཐོག་མི་ཡང་ལངས་ཐུབ་ཀྱི་མི་འདུག་པས། ས་འདྲུ་འཕྲུལ་འཁོར་ཐར་ཁག་པོ་རེད་འདུག ང་ཚོ་རི་འཛེག་དགོས་པས་ལག་ཆ་མང་པོ་འཁྱེར་ཐུབ་ཐབས་བྲལ། ད་ལྟ་ང་ཚོས་ས་ངོས་སུ་གློག་ཤིང་སློང་རྩིས་བྱེད་བཞིན་ཡོད”ཅེས་བཤད།
གྲོག་རོང་གི་གཏིང་ཚད་ལ་སྨི་200ཙམ་ཡོད་པ་དང་མར་ལྟ་སྐབས་གཡང་གཟར་པོ་འདུག བློ་བཟང་གིས་ལོ་ལྟར་གྱི་ཟླ་བཞི་པ་ནས་ཟླ་ལྔ་པ་བར་ནི་བོད་ལྗོངས་གློག་དྲ་འཛུགས་སྐྲུན་གྱི་ལས་དུས་ཡག་ཤོས་རེད། དེའི་དུས་སུ་ལས་བཟོ་ཚང་མ་ཉིན་ལྟར་ནམ་མ་ལངས་གོང་ནས་ཐོན་གྱི་ཡོད། སྔ་དྲོ་གནམ་གཤིས་ཡག་པོ་ཡོད་ན། ལས་ཀ་མང་ཙམ་བྱས་ནས་ལས་ཀ་ཚར་བ་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།
ཉིན་དེ་དག་ནང་ཕྲག་ཏུ་ཁྲ་ཁྲ་སིལ་སིལ་གྱི་སྔས་མགོ་འཁུར་བའི་ཤར་པ་བའི་གཞོན་ནུ་ཉིན་ལྟར་ཞོགས་པ་ཕྱོགས་བཞི་མཚམས་བརྒྱད་ནས་དེ་གར་འཛོམས་ཏེ་མི་གསུམ་རེ་ལྔ་རེ་བྱས་ནས་དགའ་སྤྲོའི་ངང་གླེང་མོལ་བྱེད་བཞིན་འདུག
རི་བོར་ཁོད་སྙོམས་པའི་ས་ཆ་ཉུང་བ་དང་ལམ་ཡང་ཧ་ཅང་དོག་པར་བརྟེན་ལས་གྲྭའི་རླངས་འཁོར་ཐར་ཐབས་མེད། དངོས་ཟོག་དབོར་མི་ཐུབ་པ་དང་མི་སྣ་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཨར་ལས་རུ་ཁག་གིས་ཤར་པ་བའི་ཕོ་གཞོན་ཁ་ཤས་གླས་ནས་དངོས་ཟོག་དབོར་རུ་བཅུག ཕོ་གཞོན་ཚོར་ཐོབ་ཆ་ཡོད་པ་དང་ཕ་ཡུལ་གྱི་གློག་ཤུགས་འཛུགས་སྐྲུན་ནང་ཞུགས་ནས་སྔ་ཙམ་གློག་སྤྱོད་ཐུབ་ཆེད་ལས་ཀར་ཧུར་སེམས་ཧ་ཅང་ཆེན་པོ་ཡོད།
“དེ་རིང་སྔ་དྲོ་གློག་ཤིང་གཉིས་དབོར་རོགས། ཞའོ་ཝང་ཁྱེད་རང་ཚོ་ཚོགས་ཆུང་གཅིག་བཟོས་ནས། ཕོ་གཞོན་ཁ་ཤས་ཁྲིད་དེ་སྔོན་ལ་སོང་ཤིག ཞའོ་ཀྲའོ་ཁྱེད་རང་ཚོ། ཚོགས་ཆུང་གཅིག་བཟོས་ནས་མི་བརྗེ་པོ་རྒྱག་རྩིས་བྱེད་དགོས། ཚང་མས་བདེ་འཇགས་ལ་ཡིད་གཟབ་བྱེད་རོགས། འཁུར་མི་ཐུབ་ན་ཨུ་ཚུགས་བྱེད་མི་དགོས”ཞེས་ཀྲང་ཅེས་མི་སྣ་གྲངས་ཀ་རྒྱག་བཞིན་དེ་རིང་གི་ལས་འགན་བཀོད་སྒྲིག་བྱས། དེ་རྗེས་ལས་རོགས་ཚོ་དང་ཤར་པ་བའི་ཕོ་གཞོན་ཚོ་ལས་ལ་ཞུགས་ཏེ་ཕྲག་པར་སྔས་མགོ་བརྒྱབ་སྟེ་རླངས་འཁོར་ནས་ཨར་འདམ་གློག་ཤིང་རེ་རེ་བཞིན་འཁུར་ཏེ་ས་སྟོང་ཐོག་བཞག་པ་རེད། དེའི་དུས་སུ་ཀྱག་ཀྱོག་གི་འཕྲང་ལམ་དེས་རུ་མི་ཚོའི་ཤེད་ཤུགས་ལ་ཚོད་བགམ་བྱེད་པ་དང་ཁོང་ཚོའི་མཐུན་སྒྲིལ་ལས་སྒྲུབ་རྣམ་པར་ཚོད་བགམ་བྱེད་པ་དང་མཚུངས།
དཔྱིད་ཀ་དང་དབྱར་ཁའི་དུས་ཚིགས་དེར་དམར་མདངས་བཀྲ་བའི་སྟག་མའི་མེ་ཏོག་གང་སར་བཞད་པའི་འདྲེན་ཐང་གྲོང་རྡལ་གྱིས་གློག་མགྱོགས་ཙམ་འཁྲིད་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་མཆིས།