དབུ་ཤོག>ཆེད་སྒྲིག
  • གཞན་ཡུལ་འགྲིམ་མཚམས་བཞག་ནས་རང་ཡུལ་དུ་ལོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-01

    མེ་ཏོག་རྫོང་གི་བྱང་ཤར་རྒྱུད་དུ་གནས་པའི་དགུ་ཐང་ཤང་བསམ་འདྲེན་ཁ་གྲོང་ཚོའི་སྣ་ཕག་སྨད་ཀྱི་གནས་སྤོ་བཀོད་སྒྲིག་ས་ཚིགས་སུ་ལོ་ཤས་རིང་བསྐྲུན་པའི་བོད་བཟོའི་ཐོག་བརྩེགས་ཁང་པ་སྟར་པ་མང་པོ་མཐོང་རྒྱུ་ཡོད། གནས་སྤོས་གྲོང་མི་དེ་གར་གནས་སྡོད་བྱས་ནས་བདེ་སྡོད་ལས་བརྩོན་བྱས་པས་གསར་དར་གྲོང་ཚོ་དེའི་གང་སར་དགའ་འོས་པའི་རྣམ་པས་ཁེངས་ཡོད།

    “ན་ནིང་ངའི་ཁྱིམ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཟིན་ཡོད” “ངས་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ཉོས་པ་ཡིན” “ད་ལོ་ངའི་ཁྱིམ་གྱིས་ཇ་ལོ་མུའུ་ཁ་ཤས་ཤིག་བཏབ་པ་ཡིན”སོགས་སྣ་ཕག་སྨད་ཀྱི་གནས་སྤོ་བཀོད་སྒྲིག་ས་ཚིགས་སུ་ངོ་གདོང་ནས་བདེ་སྐྱིད་ཀྱི་དགའ་སྤྲོའི་འཛུམ་མདངས་འཕྱུར་བ་དང་མ་འོངས་ཀྱི་འཚོ་བར་རེ་བས་ཁེངས་པའི་ཉམས་འགྱུར་མངོན་པའི་མང་ཚོགས་གང་སར་མཐོང་རྒྱུ་འདུག

    “ད་ཆ་ང་ཚོས་མེ་ཏོག་རྫོང་གི་ཁྱད་འཕགས་ལེགས་ཆ་ཡིན་པའི་རང་བྱུང་ཁོར་ཡུག་སྤྱད་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་གྲོང་སྡོད་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་ཇ་ལོ་དང་བཟའ་བྱའི་ཤ་མོ་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་ཡིན”ཞེས་སྣ་ཕག་སྨད་ཚུར་ལོག་གྲོང་མི་བཀོད་སྒྲིག་བྱ་ཡུལ་ཏང་ཀྲི་པུའི་འགན་འཁུར་བ་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བརྗོད་བྱུང་། ད་དུང་ཁོང་གིས“འགྲིམ་འགྲུལ་སྟབས་བདེ་རུ་འགྲོ་བཞིན་ཡོད་པས་གྲོང་མི་མང་པོས་སྐྱེལ་འདྲེན་ལས་ཀ་བྱེད་བཞིན་ཡོད”ཅེས་བརྗོད་བྱུང་།

    ད་ཆ་བཀྲ་ཤིས་ཀྱི་མིག་ནང་སྣ་ཕག་སྨད་ཚུར་ལོག་གྲོང་མི་བཀོད་སྒྲིག་བྱ་ཡུལ་ནི“གཡང་ནོར་འཛོམས་པའི་ས་ཆ”ཞིག་ཡིན་པ་མ་ཟད། ད་དུང་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཕྱུག་འགྱུར་ལམ་དུ་འདྲེན་པའི་བཀྲ་ཤིས་པའི་ས་ཆ་ཞིག་ཀྱང་རེད།

    ལོ་རྒྱུས་ཐོག་མེ་ཏོག་རྫོང་དགུ་ཐང་ཤང་བསམ་འདྲེན་ཁ་གྲོང་ཚོའི་གྲོང་མི་མང་པོ་ཞིག་ཡུལ་དེ་གའི་རང་བྱུང་ཆ་རྐྱེན་ཞན་པ་དང་། ཐོན་སྐྱེད་རྒྱུ་ཆ་དཀོན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱིས་རྐྱེན་པས་ལོ་མང་རིང་ཕ་ཡུལ་དང་བྲལ་ནས་གཞན་ཡུལ་དུ་འཚོ་གནས་བྱེད་ཀྱི་ཡོད།

    མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཉེ་བའི་ལོ་ཤས་ནང་མེ་ཏོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དེ་གོང་གཞན་ཡུལ་དུ་འཚོ་གནས་བྱེད་པའི་མང་ཚོགས་ཀྱི་རང་ཡུལ་དུ་ལོག་པའི་འདུན་པ་ཇེ་ཆེར་སོང་ཡོད། དེར་བརྟེན་མེ་ཏོག་རྫོང་གིས་སྒོར་ཁྲི་7000བཏང་ནས་བསམ་འདྲེན་ཁ་གྲོང་ཚོ་སྣ་ཕག་སྨད་ཚུར་ལོག་གྲོང་མི་བཀོད་སྒྲིག་བྱ་ཡུལ་བསྐྲུན་པ་རེད། དེ་དང་ཆབས་ཅིག་བོད་ཕག་གསོ་ཚགས་དང་། དྲོད་ཁང་ནང་གི་སྔོ་ཚལ། ཇ་ལོ། བཟའ་བྱའི་ཤ་མོ་བཅས་འདེབས་འཛུགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས་ཚུར་ལོག་མང་ཚོགས་དུད་ཚང་68རང་ཡུལ་ནས་ཁ་འབྲལ་མི་དགོས་པར་རང་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་སྟེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་དུ་གྱུར་ཡོད།

    “ང་ཚོར་སྣ་ཕག་སྨད་ཚུར་ལོག་གྲོང་མི་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་ཡག་པོ་ཐུབ་ནས་གྲོང་མིའི་འཚོ་བ་ཇེ་ལེགས་སུ་འགྲོ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་དགུ་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲི་ཆང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་བརྗོད་བྱུང་།

    སྣ་ཕག་སྨད་གྲོང་མི་བཀོད་སྒྲིག་བྱ་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་ནས་སྐྱོད་སྐབས་དུད་ཁྱིམ་རེ་རེའི་སྒོ་འགྲམ་ནས་གྲོང་མི་ཚོའི་དགོད་སྒྲ་ལྷང་ལྷང་དུ་གོ་བ་དང་ཁོང་ཚོའི་དགོད་སྒྲའི་ཁྲོད་ནས་བདེ་སྐྱིད་ལྡན་པའི་ཚོར་སྣང་ཟབ་མོ་སྦྱིན་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།