དབུ་ཤོག>ཆེད་སྒྲིག
  • ​ ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-05-30

    ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་2020ལོའི་ཟླ་5ཚེས་21ཉིན་ནས་ཚེས་27ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ནས་ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་གླེང་གནང་བ་རེད། ཚོགས་འདུའི་ཐོག་ཀྲུའུ་ཞི་དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་འབྲེལ་ཆོག་མཆན་གནང་བ་དང་། ཀྲུའུ་ཞི་གཞོན་པ་ཀྲེང་ཅན་པང་གིས་གནང་བའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་འབྲེལ་ཆོག་མཆན་གནང་བ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་འཆམ་གནང་བ་བཅས་རེད། ཨུ་ཡོན་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་གནང་ནས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར། དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་སོགས་ལ་གྲོས་བསྡུར་བཅས་གནང་ནས་ཡོངས་ཁྱབ་ངང་མོས་མཐུན་གནང་བ་དང་འབྲེལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོག་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་གཏན་འབེབས་བཟོས་པར་མོས་མཐུན་དང་རྒྱབ་སྐྱོར་མགྲིན་གཅིག་ཏུ་གནང་བ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་མང་དུ་འགྲོ་བའི་རྙོག་འཛིང་ཆེ་བའི་གནས་བབ་ལ་བབ་བརླིང་གིས་ཁ་གཏད་བཅག་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ། འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་པ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིང་ཡོད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ལྟེ་བའི་ལས་འགན་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གུང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཡག་པོ་བརྒྱབ་པར་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མངོན་པ་དང་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཕྱོད་བཅས་མངོན་ཡོད། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་རིམས་ནད་འགོག་པའི་འཐབ་རྩོད་ནང་ཧུར་ཐག་ཞུགས་ནས་འགན་འཁྲི་འཁུར་ཕོད་པ་མཚོན་ཡོད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་མཇུག་བསྡུའི་ལོ། དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཀྱི་ལོ་ཞིག་བཅས་རེད། མིག་སྔར་གོ་ལ་ཧྲིལ་པོའི་རིམས་ནད་གནས་ཚུལ་དང་འཛམ་གླིང་གི་དཔལ་འབྱོར་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་སྔར་བྱུང་མྱོང་མེད་པ་ཞིག་ཡོད། དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་རྣམས་ཀྱི་ཚོ་ཆུང་མཉམ་འབྲེལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཞི་ཚུགས་ཏེ་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ཆེན་པོ་རྒྱས་བཤད་གཏིང་ཟབ་གནང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་བས། མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་སྟབས་ངེས་པར་དུ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལ་དུས་ཡུན་རིང་ཙམ་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ལེགས་པོ་བྱེད་པ། ཉམས་ཉེན་ཁྲོད་གོ་སྐབས་འཚོལ་བ་དང་དུས་བབ་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ཏེ་ནང་མཁོ་རྒྱ་བསྐྱེད་གཏོང་བའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ལས་ཀར་སྐུལ་འདེད་གཏོང་དགོས། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཇུས་འགོད་བྱེད་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་གནས་བབ་སྲ་བརྟན་དུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་དང་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བཟའ་བཅའི་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་སྟངས་གསར་གཏོད་བྱས་ནས་འགན་འཁྲི་སྒྲུབ་པའི་ཕན་ནུས་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་བྱ་ཆེད་ཇུས་འདོན་སྲིད་སྐྱོང་ཧུར་ཐག་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་དང་། སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་འདོན་སྤེལ་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་ལེན་བསྟར་ནས་ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་སོགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ། རྒྱལ་ཁབ་ཀྱི་རིམ་ངོས་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་དཔོན་གྱིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་པ། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། “ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བཅས་བྱས་ཡོད། ཕྱིར་སྡོད་སྤུན་ཟླར་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱེད་པ་དང་། ཕྱི་ཕྱོགས་དང་མཛའ་མཐུན་འགྲོ་འོང་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་མཐའ་འཁྱོངས་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། མི་དམངས་སྲིད་གྲོས་འདི་ཉིད་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་གཡུལ་ས་གལ་ཆེན་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཐུན་སྒྲིལ་དང་། སློབ་གསོ། ཁྲིད་སྟོན་བཅས་བྱེད་པའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་ཟླ་སེལ་བ་དང་ངོས་འཛིན་གཅིག་མཐུན་གཅིག་སྡུད་བྱེད་པའི་ཐབས་ལམ་གལ་ཆེན་བཅས་སུ་འགྱུར་བར་སྔར་བས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་དགོས།

    ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ལས་དོན་ཏན་ཏིག་སྒྲུབ་པ་དང་། འབད་འབུངས་ཡར་བརྩོན་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།