དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-05-30

    མི་སེམས་གཅིག་ཏུ་འདུས་ན་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་རི་བོ་ཐའེ་ཧྲན་སྤོ་ཐུབ། ཟླ་5ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་ཞུགས་འཐུས་མིས་རང་འགན་གཙང་སྒྲུབ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་དུས་རབས་ཀྱི་ལེའུ་བརྩམས་ཡོད། ང་ཚོས་ཚོགས་ཆེན་ལེགས་གྲུབ་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

    ད་ཐེངས་ཀྱི་ཚོགས་ཆེན་ནི་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པའི་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་ཆེན་ཐོག་ན་ནིང་ཚུན་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འདི་ལོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། འཐུས་མི་ཚོས་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།

    ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གལ་ཆེན་གཞན་དག་ལ་གྲོས་ཞིབ་བྱས་པ་དང་འབྲེལ་ཆོག་མཆན་ཡང་གནང་བ་རེད། འཐུས་མི་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འགོ་ནས་མཇུག་བར་ཁྱབ་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ནི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སོགས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ཞིབ་ཚགས་སུ་བཏང་བ་ཞིག་དང་དར་ཆ་གསལ་སྟོན་དང་། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ། སྙིང་བསྡུས་དངོས་སྒྲུབ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད། ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལས་དོན་ཁག་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་རེད། ཚོགས་ཆེན་ལེགས་གྲུབ་བྱུང་བ་དེས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་དང་ལས་འགན་ལེགས་གྲུབ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ཡིད་ཆེས་བསྣན་ཡོད་ལ་སྒུལ་ཤུགས་ཀྱང་སྦྱིན་ཡོད།

    དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱས་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་ལ་ཕབ་པའི་ཁྲིམས་འཛུགས་ལས་འགན་གལ་ཆེན་ཞིག་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནང་བའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཐེངས་འདིའི་ཚོགས་ཆེན་གྱི་གྲུབ་འབྲས་ཆེན་པོ་ཞིག་ནི་དམངས་དོན་ཁྲིམས་གཞུང་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དེ་རེད། འཐུས་མི་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མཚོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་དེ་ལས་རང་རྒྱལ་གྱི་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་དེ་བས་འཐུས་སྒོ་ཚང་བའི་དམངས་དོན་ཁྲིམས་སྐྱོང་གི་འགན་ལེན་ཐུབ་ངེས་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཐའ་ཚད་ལ་འགྲན་སློང་བྱེད་པའི་བྱེད་སྤྱོད་གང་རུང་ཞིག་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་ལ་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གང་རུང་ཞིག་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་། ཐེངས་འདིའི་ཚོགས་ཆེན་ཐོག《རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་ཡོད། འཐུས་མི་ཚོས་ལམ་ལུགས་བཀོད་སྒྲིག་འདི་རྩ་ཁྲིམས་དང་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་མཐུན་པ་དང་སྤུན་ཟླ་ཤང་ཀང་བ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། དེས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་ཐུབ་ངེས་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཁྲིམས་སྐྱོང་གི་རྨང་གཞི་དང་། ཆབ་སྲིད་ཀྱི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི་བཅས་སྲ་བརྟན་དང་རྒྱ་སྐྱེད་ནུས་ལྡན་གཏོང་ཐུབ་ངེས་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།

    2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་བཅས་རེད། དཀའ་ཚེགས་ཆེ་བ་དང་ལྗིད་རྫོབ་ཆེ་བའི་ལས་འགན་དང་སྔར་བྱུང་མྱོང་མེད་པའི་འགྲན་སློང་གི་མདུན་དུ། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་རྒྱལ་ཁབ་ཆེན་པོའི་གདེང་ཚོད་ཡོད་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ། ནང་མཁོ་ཆེ་རུ་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་ལོ་རྒྱུས་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཏང་གི་གཞི་རྩ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ལ་ཡོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་ཀྱི་འཚོ་བ་ཡག་པོ་སྐྱེལ་ཆེད་རེད། འགྲན་སློང་དང་གནོན་ཤུགས་ཆེན་པོ་ཇི་ལྟར་འཕྲད་ནའང་འདྲ། ཡང་ན་བློས་གཏོང་དང་རིན་དོད་མང་པོ་ཇི་འདྲ་གཏོང་དགོས་བྱུང་ནའང་འདྲ། གང་ལྟར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་ལས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འཐབ་རྩོད་ཀྱི་ལག་ལེན་དངོས་ལས“མི་དམངས་ནི་དཔའ་བོ་ངོ་མ་ཡིན་པས། མི་དམངས་ལ་རྩེ་གཅིག་ཏུ་བརྟེན་ན་ང་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་པ”སླར་ཡང་ར་འཕྲོད་ཐུབ་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ནས་ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། མི་དམངས་ལ་རྩེ་གཅིག་ཏུ་རྟེན་པ། མི་དམངས་ལ་བདེ་སྐྱིད་རྒྱུན་མི་ཆད་པར་བསྐྲུན་པ། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོར་འཛུགས་པ། མི་དམངས་དུང་ཕྱུར་14ཡི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་པ་དང། རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་དེ་བས་ལེགས་པའི་ངང་སྒྱུར་བ། ཏང་དང་རྒྱལ་ཁབ་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་དམངས་ཀྱི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་ནས་མི་དམངས་དུང་ཕྱུར་མང་པོའི་རླབས་ཆེན་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཐོབ་ལ་ཉེ། མི་རིགས་བསྐྱར་དར་གྱི་མདུན་ལམ་བཟང་པོས་མདུན་དུ་སྐྱོད་པར་སྐུལ། དུས་ཚོད་ཀྱིས་མི་མི་སྒུག་པ་དང་ལོ་རྒྱུས་ཀྱིས་མི་མི་སྒུག དུས་ཚོད་ནི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་མཁན་ལ་དབང་བ་དང་ལོ་རྒྱུས་ནི་ཞུམ་པ་མེད་པར་མདུན་དུ་སྐྱོད་མཁན་ལ་དབང་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། དཀའ་ཉེན་ལ་མི་སྐྲག་པར་འགྲན་སློང་ལ་ཐད་ཀར་གཏུག་ཕོད་པ། ནུས་ཤུགས་ཡོད་རྒུས་དཀའ་སྤྱད་འབད་འཐབ་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།