རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པས་རིག་གནས་སྣ་མང་མཉམ་དུ་འདུས་པ་དང་སྐད་ཡིག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཀོང་ཤིས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ཞིང་། དེ་གར་རྒྱ་རིགས་དང་། ཀྲོང་རིགས། ཡའོ་རིགས། མེའོ་རིགས། ཏུང་རིགས། མུའུ་ལའོ་རིགས། མའོ་ནན་རིགས་སོགས་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་མཁན་མི་རིགས་12ཡོད། འདི་ལོའི་ཚོགས་འདུ་གཉིས་ལ་འཐུས་མི་ཧྥན་དབྱི་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དོ་ཁུར་བྱེད་དགོས་པའི་སྐོར་གྱི་གྲོས་འགོ་བཏོན་གནང་ཡོད།
“མི་རིགས་ཤིག་ཁས་ལེན་པར་སྐད་ཡིག་ནི་གལ་ཆེ་ཤོས་དེ་ཡིན་མོད། འོན་ཀྱང་ཀོང་ཤིས་ཀྱི་ཅིའུ་ཁྲེང་གྲོང་ཁྱེར་དུ་འཚར་ལོངས་བྱུང་བའི་ཀྲོང་རིགས་ཀྱིས་ཀྲོང་སྐད་གོ་བ་ཙམ་ལས་ཤོད་ཐུབ་ཀྱི་མེད། ང་ཚོ་ནི་ཀྲོང་རིགས་ཡིན་པ་དང་ངའི་བུ་མོ་ལོ་30ལ་སླེབས་རུང་ཀྲོང་སྐད་ཤེས་ཀྱི་མེད། ཀྲོང་རིགས་གཅིག་སྡུད་ཀྱི་གྲོང་གསེབ་མང་པོར་ཡང་ལོ་ཆུང་བྱིས་པ་མང་ཆེ་བས་ཀྲོང་སྐད་ཤེས་ཀྱི་མེད”ཅེས་གསུངས་པ་དང་འདི་ལྟ་བུའི་སྣང་ཚུལ་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀོང་ཤིས་མི་རིགས་སློབ་ཆེན་རྩོམ་རིག་གློག་བརྙན་དང་བརྙན་འཕྲིན་གསར་རྩོམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥན་དབྱི་ཕིང་ལ་ཐུགས་ཁྲལ་ཆེན་པོ་བྱུང་ཡོད།
ཁོང་གིས་བརྟག་ཞིབ་གནང་སྐབས་ཤེས་རྟོགས་བྱུང་གསལ། རྒྱལ་ཁབ་དང་ས་གནས་སྲིད་གཞུང་གི་རིམ་པ་ནས་སྐད་རིགས་ཁག་གཅིག་ཁྱབ་གདལ་དང་སྲུང་སྐྱོང་གི་ལས་དོན་སྤེལ་ཡོད་མོད། འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཚོས་མི་རིགས་དེ་གའི་སྐད་ཡིག་རྒྱུན་འཛིན་བྱེད་པའི་ཧུར་སེམས་ཆེན་པོ་མེད་པས་སྲིད་ཇུས་བཟང་པོ་སྔར་བཞིན་དོན་འཁྱོལ་བྱེད་ཁག་པོ་ཡོད། གྲོང་ཁྱེར་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་མི་རིགས་རིག་གནས་ཀྱི་རྣམ་པ་ཟབ་མོ་ལྡན་པའི་གྲོང་གསེབ་ས་ཁུལ་དུའང“ཀྲོང་སྐད་བརྗོད་པ་ནི་རྗེས་ལུས་ཡིན་པའི”སྣང་ཚུལ་ཡོངས་ཁྱབ་ངང་ཐོན་པ་དང་ཁྱིམ་བདག་གིས་ཀྱང་ཕྲུ་གུར་སྤྱི་སྐད་སློབ་ཀྱི་ཡོད།
མའོ་ནན་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་28ཀྱི་གྲས་ཤིག་རེད། རྒྱལ་ཡོངས་ཀྱི་མའོ་ནན་རིགས་ཀྱི་རང་སྐྱོང་རྫོང་གཅིག་པུ་ཀོང་ཤིས་ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་གིས་ལོ་འདི་དག་ནང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཐད་ཚོད་ལྟ་ནུས་ལྡན་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོན་ཅང་རྫོང་གི་རྫོང་དཔོན་ཧོང་པིང་ཧྥུང་གིས་ཧོན་ཅང་རྫོང་གིས་འབྲུག་འབྱེད་དུས་ཆེན་སོགས་མི་རིགས་ཀྱི་དུས་ཆེན་བརྒྱུད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གྱིས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གཅིག་ཏུ་བསྡུས་ནས་མའོ་ནན་རིགས་ཀྱི་མི་རིགས་ཀྱི་མོས་སེམས་ཆེ་རུ་བཏང་ཡོད། མའོ་ནན་རིགས་གཅིག་སྡུད་ཁུལ་ཤ་ནན་ཤང་སློབ་ཆུང་གིས་ཀྱང་མའོ་ནན་གྱི་སྐད་དང་སྤྱི་སྐད་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་བྱེད་པ་དང་སྦྲགས་མའོ་ནན་གྱི་དམངས་གཞས་དང་ཞབས་བྲོ་སོགས་སློབ་གྲྭར་སློབ་ཀྱི་ཡོད་ཅེས་གསུངས་པ་རེད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ)