དབུ་ཤོག>ཆེད་སྒྲིག
  • མཛེས་སྡུག་ལྡན་པའི་ལྷ་ས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-29

    “ཡུལ་སྐོར་ལས་རིགས་ནི་ལྷ་སའི་ངོས་ནས་བརྗོད་ན། དཔལ་འབྱོར་ལས་དོན་ཞིག་ཡིན་པས་དེ་ནི་དམངས་འཚོ་དང་འབྲེལ་བ་ཡོད་ལ། ཆབ་སྲིད་ཀྱི་ལས་དོན་ཞིག་ཀྱང་ཡིན་པས་དམངས་སེམས་དང་འབྲེལ་བ་ཡོད”ཅེས་ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་སྒོར་སྒོར་གྱིས་དེ་ལྟར་གསུངས།

    སྒོར་སྒོར་གྱིས་2019ལོར་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཡུལ་སྐོར་ལས་རིགས་ཀྱི་སྔོན་ཁྲིད་རང་བཞིན་གྱི་ཐོན་ལས་གནས་བབ་བརྟན་དུ་བཏང་སྟེ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གཙོ་བོ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐབས་ལམ་གཙོ་བོ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་གཡུལ་ས་གཙོ་བོ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྦྲེལ་ཟམ་གཙོ་བོ་བཅས་སུ་བརྩི་བ་དང་། “ཁྱད་ལྡན་དང་། རྩེར་སོན། སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་ལམ་བུར་དམིགས་ནས། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་ནས་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ལྷ་སའི་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་། སྙན་གྲགས་ལྡན་ཚད། ཤུགས་རྐྱེན་ཐེབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2019ལོར་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2337ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་348ཟིན་ནས་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་ཀྱིས་GDPཡི་བསྡུར་གྲངས་ཀྱི་56.32%ཟིན་ཡོད་ཅེས་གསུངས།

    འདི་ལོ་ཚུན་དུ། ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ལ་རྡབ་རྡེག་ཆེན་པོ་ཕོག་ཡོད། “འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་མེད་པ་དང་། ཡུལ་སྐོར་གྱི་དགོས་མཁོ་སྔར་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ཇུས་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་ཆེ་རུ་ཕྱིན་པ་དང་བསྟུན་ནས། ལྷ་སར་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བའི་འཕེལ་ཤུགས་ཆེན་པོ་ལྡན་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་སྒོར་སྒོར་གྱིས་གསུངས།

    སྒོར་སྒོར་གྱིས། གོམ་སྟབས་རྗེས་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས། ལྷ་ས་གྲོང་ཁྱེར་གྱིས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་འོས་འཚམ་བཏོན་ནས་ས་གནས་དེ་གའི་གྲོང་མི“ཉིན་གཅིག་ཡུལ་སྐོར”བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ་དང་། རྒྱལ་ནང་གི་འགྲུལ་ཁུངས་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་བ། ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས་དང་འཚམས་སྦྱོར་ལ་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་ཡུལ་སྐོར་བར་ཡུལ་སྐོར་གྱི“ལག་རྟགས་ཆེན་པོ”འབུལ་བ་བཅས་ཀྱི་ཐོག་ནས་བཀྲག་མདངས་འཚེར་ལ་མཛེས་སྡུག་ལྡན་པའི་ལྷ་ས་འདི་ཉིད་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་ཚང་མའི་མིག་ལམ་དུ་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།