ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་ཕྱི་ནད་ཚན་ཁག་གིས་ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་དང་། རང་སྨན་ཁང་གི་འཇུ་བྱེད་ཚན་ཁག སྦྲིད་སྨན་ཚན་ཁག གཤགས་བཅོས་ཁང་སོགས་ཀྱི་ནུས་ཤུགས་གཅིག་སྒྲིལ་འོག སྨན་ཁང་དེའི་ལོ་རྒྱུས་ཐོག་གི་གཞང་སྐྲན་Milesརྩ་བཅོས་གཤགས་བཅོས་ཐེངས་དང་པོ་དེ་བྱས་པ་རེད།
བྱ་བ་བཟང་པོ་དེ་ལྟ་བུ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་འཇུ་བྱེད་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་ཚེ་རིང་གཡང་འཛོམས་ཀྱི་ངོས་ནས་བརྗོད་ན“དེ་སྔོན་བསམ་པའི་ཡུལ་དུ་ཡང་འཁོར་མི་ཕོད་པ”ཞིག་རེད། དེ་དག་ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་དང་རིམ་པ་གསུམ་པའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ཆབ་མདོ་གྲོང་ཁྱེར་གྱི་བདེ་ཐང་འགན་ལེན་དྲ་བ་ཟམ་མི་ཆད་པར་ཚགས་དམ་དུ་སོང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྟོན་གྲངས་མངོན་གསལ་དོད་པོས་མཐོ་རུ་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་སོང་ཡོད།
“སྨན་དོན་མི་སྣ་ཞིག་ཡིན་པའི་ངོས་ནས། བོད་སྐྱོར་སྨན་པས་ལག་རྩལ་བསླབས་ནས‘ནམ་ཡང་གནས་པའི་སྨན་བཅོས་རུ་ཁག’ཅིག་བཙུགས་པར་བརྟེན། སྔོན་མ་ང་ཚོས་སྤེལ་མི་ཐུབ་པའི་ལས་སྒོ་ད་ལྟ་སྤེལ་ཐུབ་པ་དང་། སྔོན་མ་ནད་རྟགས་ངོས་འཛིན་མི་ཐུབ་པ་ད་ལྟ་ངོས་འཛིན་ཐུབ་ནས་སྨན་བཅོས་ཐུབ་པ། སྔོན་མ་གཤགས་བཅོས་བྱེད་མི་ཐུབ་པ་ད་ལྟ་ལེགས་གྲུབ་ཐུབ་ཡོད”ཅེས་ཚེ་རིང་གཡང་འཛོམས་ཀྱིས་གསར་འགོད་པར་བཤད་བྱུང་།
ཚེ་རིང་གཡང་འཛོམས་ཀྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ནད་བཅོས་སྲོག་སྐྱོབ་དང་། སྨན་བཅོས་བྱས་ནས་སྨན་སྤྲོད་པ། ཆ་སྒྲིག་གཉེན་འཚོལ་བཅས་བྱེད་རིང་མང་ཚོགས་དང་མཛའ་བརྩེའི་འབྲེལ་བ་ཟབ་མོ་བཙུགས་ནས། མི་རིགས་མཐུན་སྒྲིལ་གྱི་སོན་བཟང་བཏབ་སྟེ། བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟབ་ཏུ་བཏང་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་སྔར་བས་བརྟན་པོ་བཙུགས་ཐུབ་ཡོད་ཅེས་བཤད།