དབུ་ཤོག>ཆེད་སྒྲིག
  • རི་གྲོང་གི་འབྱོར་འབྲིང་རྣམ་པ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-21

    ཞོགས་པའི་ཉི་འོད་ས་སྐྱ་རྫོང་མོ་ལྷ་ཤང་གི་རི་ཚོགས་ཀྱི་རྩེ་མོར་འཕྲོས་པ་དེས་རི་གྲོང་ཆུང་ཆུང་དེ་རྨོངས་གཉིད་ལས་སད་པ་ལྟར་སྣང་།

    རི་རྐེད་ཀྱི་ཁོད་སྙོམས་པའི་སར་ཁང་པ་སྟར་པ་གཅིག་དང་ཐོག་པང་སྔོན་པོའི་ལྷས་ར་7མིག་ལམ་དུ་གསལ་ལེར་མངོན། ངོ་གདོང་ཅུང་ནག་པའི་ཕོ་གཞོན་ཞིག་བྲེལ་འཚུབ་ཆེན་པོ་བྱེད་བཞིན་མཆིས། ཞོགས་པ་སྔ་པོ་ནས་མལ་ལས་ལངས་ནས་འཁོར་སྐྱོད་ཚོང་གཉེར་གྱི་གནས་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པ་དང་། ཉིན་གཅིག་གི་ལས་ཀ་བཀོད་སྒྲིག་བྱེད་པ་སོགས་བརྒྱུད་རིམ་ནི་ཁོང་གི་ཉེ་བའི་ལོ་གཅིག་རིང་གི་ལས་ཀའི་རྒྱུན་རྣམ་ཞིག་རེད།

    ཁོང་ནི་མོ་ལྷ་ཤང་བྲག་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒོད་སྐྱེས་རེད། རི་རྐེད་ཀྱི་གསོ་ཚགས་ར་བ་དེ་ནི་ཁོང་གིས་སེམས་ནུས་ཡོད་རྒུ་བཏོན་ནས་གཉེར་སྐྱོང་བྱས་པའི་འཕགས་པ་གམ་པའི་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ཐོན་སྐྱེད་བྱེད་སྟངས་ཀྱི་འགྱུར་ལྡོག་དང་། སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག འཚོ་བ་སྐྱེལ་སྟངས་ཀྱི་འགྱུར་ལྡོག་བཅས་ལས“མི་རྣམས་ཕྱུག་ཅིང་ནོར་ལུག་ཤ་ཤེད་རྒྱས་པའི”ས་མཐོའི་རི་གྲོང་གི་འབྱོར་འབྲིང་རྣམ་པ་གསར་པ་ཞིག་རེད།

    “ལས་རིགས་འབྲོག་པ”དབང་འདུས་ཀྱིས།

    “མི་ཚེ་ཕྱེད་ཀ་ལུག་གསོས་ཀྱང་ད་ཆ་གཞི་ནས་ཇི་ལྟར་གསོ་དགོས་མིན་གསལ་པོར་ཤེས་སོང”

    “ཧྲུའུ་ཅི་ལགས། ཁྱེད་རང་སྔ་པོ་འདི་འདྲར་ཕེབས་འདུག”ཅེས་སྔ་དྲོའི་ཆུ་ཚུད་9པ་ཡོལ་ཙམ་ལ་དུས་ཐོག་ཏུ་མཉམ་ལས་ཁང་དུ་ལས་ཀར་སླེབས་པའི་ལས་བཟོ་དབང་འདུས་ཀྱིས་གད་མོ་དགོད་བཞིན་རྒོད་སྐྱེས་ལ་འཚམས་འདྲི་ཞུས།

    “ད་ལྟའི་དུས་ཚོད་ནི་ལུ་གུ་སྐྱེ་གསོའི་འགག་རྩའི་དུས་སྐབས་ཡིན་པས། ངེས་པར་དུ་བློ་རྩེ་གཅིག་སྒྲིམ་གྱིས་གམ་པའི་ལུག་དེ་དག་ལ་གསོ་སྐྱོང་ཡག་པོ་བྱེད་པ་དང་། ལག་རྩལ་བཀོད་སྤྱོད་ཚད་ལྡན་ལ་དོ་སྣང་བྱེད་དགོས”ཞེས་རྒོད་སྐྱེས་ཀྱིས་བཀའ་བཀོད་གནང་།

    ལེགས་བསྡུས་ཞིབ་གཉེར་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ནི་དངོས་འབྲེལ་ལག་རྩལ་གསོན་པོ་ཞིག་རེད། དེར་བརྟེན་མཉམ་ལས་ཁང་བཙུགས་པའི་ཐོག་མའི་དུས་སུ་རྒོད་སྐྱེས་ཚུད་པའི་གྲོང་མི་ཚང་མ་ཐབས་ཟད་འུ་ཐུག་གི་གནས་སུ་གྱར།

    “མཉམ་ལས་ཁང་ངེས་པར་དུ་འཛུགས་དགོས་པ་དང་། རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་ངེས་པར་དུ་འགྱུར་ལྡོག་གཏོང་དགོས་ལ། ཉམས་ཞན་གྱི་སྣོད་བཅུད་ཁོར་ཡུག་ངེས་པར་དུ་སྲུང་སྐྱོང་བྱེད་དགོས”གྲོང་ཚོའི་ཏང་ཀྲི་པུའི་ཚོགས་འདུའི་ཐོག་རྒོད་སྐྱེས་ཀྱི་སྣེ་ཁྲིད་འོག་ཚང་མའི་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་བྱུང་བ་དེ་ནི། གནམ་ཆུར་བརྟེན་ནས་རྩྭ་ར་གསོ་བ་དང་། རྩྭ་ཁར་བརྟེན་ནས་ཕྱུགས་རིགས་འཚོ་བའི་བྱ་ཐབས་རྙིང་པ་དེས་གནད་དོན་གསར་པ་ཐག་གཅོད་ཐུབ་ཐབས་བྲལ་བ་དེ་རེད།

    བློ་གྲོས་བཏོན་ན་དོན་ཀུན་གསལ། སྟོབས་ཤུགས་ལྡན་ན་དོན་ཀུན་འགྲུབ། བྲག་དམར་གྲོང་ཚོ“ཨུ་ལྷན་གཉིས”དང་། མོ་ལྷ་ཤང་ཏང་ཨུད་དང་ཤང་སྲིད་གཞུང་། ས་སྐྱ་རྫོང་ཞིང་ལས་གྲོང་གསེབ་ཅུས་སོགས་ཀྱིས་གཅིག་རྗེས་གཉིད་མཐུད་ངང་བྱ་སྤྱོད་སྤེལ་ཡོད།

    ཉམས་མྱོང་མེད་པས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་བྱས་ཏེ་ས་དགའ་དང་། འབྲོང་པ། ཁང་དམར་སོགས་རྫོང་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ལག་རྩལ་མེད་པས་མཚོ་སྔོན་ཞིང་ཆེན་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གསོ་སྦྱོང་དང་ལག་རྩལ་གྱི་མཛུབ་ཁྲིད་བྱས་པ། མ་དངུལ་ཁ་ཐང་བས་མ་དངུལ་སྤྱི་འདོམས་དང་འབྲེལ་མང་ཚོགས་ལ་ལུག་དང་། དངུལ་སྨར། རྩྭ་ར་ནང་བཤུག་སོགས་ཀྱི་བྱ་ཐབས་སྤྱད་དེ་མ་རྐང་ལ་ཞུགས་དགོས་པའི་སྐུལ་ལྕག་བྱས་ཡོད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད། 2019ལོའི་ཟླ་5པར་བྲག་དམར་གྲོང་ཚོ་དང་མདའ་རྐྱང་གྲོང་ཚོས་མཉམ་དུ་བཙུགས་པའི་ས་སྐྱ་རྫོང་འཕགས་པ་གམ་པའི་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པས་མཉམ་ལས་ཁང་ལ་ཞུགས་མཁན་ཁྱོན་མང་ཚོགས་དུད་ཚང་114དང་མི་608ཡོད་པ་རེད། དུས་དེ་ནས་བཟུང་། མོ་ལྷ་ཤང་དུ་སྔོན་ཐོན་ལག་རྩལ་དང་འདུ་ཤེས་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པའི་“གར་སྟེགས་ཆེན་པོ”ཞིག་ཡོད་པ་རེད།

    དབང་འདུས་ཀྱིས་རང་ཁྱིམ་གྱི་ལུག་མགོ་གྲངས་98མཉམ་ལས་ཁང་གི་མ་རྐང་ལ་ཧུར་ཐག་ཞུགས་པ་དང་། གསོ་སྦྱོང་བྱས་རྗེས“ལས་རིགས་འབྲོག་པ”ཞིག་ལ་གྱུར་ཡོད། ནམ་རྒྱུན་གླ་ཆ་ལེན་པ་དང་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། “སྔོན་ཆད་ལོ་གཅིག་ལ་ཡོང་འབབ་སྒོར་6000ཡང་ཟིན་གྱི་མེད། ད་ཆ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་གྱི་འདུག མཉམ་ལས་ཁང་ལ་ཞུགས་པས་ཡོང་འབབ་ལྡབ་ཁ་ཤས་འཕར་སོང་། མི་ཚེ་ཕྱེད་ཀ་ལུག་གསོས་ཀྱང་ད་ཆ་གཞི་ནས་ཇི་ལྟར་གསོ་དགོས་མིན་གསལ་པོར་ཤེས་སོང”ཞེས་དབང་འདུས་ཀྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2019ལོའི་ལོ་མཇུག་ཏུ་མཉམ་ལས་ཁང་དེར་ཡོང་འབབ་སྒོར་ཁྲི་132བྱུང་ནས་ཁེ་སྤོགས་སྒོར་ཁྲི་70ཙམ་རག་པ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་6000ལྷག་ཙམ་བྱུང་བ་མ་ཟད། མོ་ལྷ་ཤང་གི་མུའུ་ཁྲི་6.339ཟིན་པའི་རང་བྱུང་རྩྭ་རར་ཕྱུགས་འཚོ་མཚམས་ཀྱང་བཞག་པས། གསེར་རི་དངུལ་རི་དང་སྔོ་ཞིང་དྭངས་བའི་རི་ཆུ་གཉིས་ཀར་སྲུང་སྐྱོང་ཐུབ་ཡོད།

    “རྐོ་འདྲུའི་འཕྲུལ་འཁོར་མཁས་ཅན”ལྷག་པ་ཚེ་རིང་གིས།

    ལག་རྩལ་སྣ་གཅིག་ལ་བརྟེན་ནས་དབུལ་ཞྭ་ཕུད་པ་ཡིན།

    མོ་ལྷ་ཤང་དུ་རྒོད་སྐྱེས་དང་འདྲ་བར་ཞོགས་པ་སྔ་པོ་ནས་ལང་མཁན་གྱི་གྲས་སུ་ད་དུང་དབུལ་སྒྲོལ་དུད་ཚང་ལྷག་པ་ཚེ་རིང་ཡང་ཡོད་པ་རེད།

    ཆུ་ཚོད་8པ་མ་ཟིན་ཙམ་ལ་ཁོང་གིས་མོ་ལྷ་ཤང་གི་ལས་གྲྭའི་རྣམ་གྲངས་ལས་ཡུལ་དུ་བསྐྱོད་དེ་རྐོ་འདྲུའི་འཕྲུལ་འཁོར་གཏོང་བཞིན་ཡོད། འདི་ལོའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཚུན། མོ་ལྷ་ཤང་གི་རྣམ་གྲངས་ཁག་ཚང་མ་མགྱོགས་མྱུར་བསྐྲུན་ཡོད། འདི་ལོ་ལོ་19ལ་སླེབས་པའི་ལྷག་པ་ཚེ་རིང་ནི་ཤང་ནང་གི་རྐོ་འདྲུའི་འཕྲུལ་འཁོར་གྱི་དགེ་རྒན་ཞིག་ཡིན་པས། ཁོང་གི་ལས་འགན་ཡང་རང་ཤུགས་སུ་ལྕི་རུ་སོང་ཡོད།

    ཡིན་ནའང་ལྷག་པ་ཚེ་རིང་གིས་ལས་ཀ་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ན་ནིང་ལོ་གཅིག་ལ་ཁོང་གིས་ལས་ཡུལ་ཁག་ཏུ་དཀའ་སྤྱད་འབད་བརྩོན་བྱས་པར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད།

    དེ་གོང་ལྷག་པ་ཚེ་རིང་གི་ཁྱིམ་ལ་ཐོན་སྐྱེད་རྒྱུ་ཆ་དཀོན་པ་དང་། ལག་རྩལ་མི་ཤེས་པ། ངལ་ནུས་མེད་པ་བཅས་ཀྱིས་རྐྱེན་པས་དབུལ་ཕོངས་ཀྱི་གནས་སུ་གྱར་ཡོད། 2016ལོར་ལྷག་པ་ཚེ་རིང་གིས་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་བྱས་རྗེས་མངའ་རིས་སུ་གླ་པར་བསྐྱོད། འོན་ཀྱང་རྩལ་ནུས་མི་ཤེས་རྐྱེན་ཁྱིམ་དུ་ལོག་ནས་ནང་ལས་མི་བྱེད་དཀའ་མེད་དུ་གྱུར་པ་དང་། ལོ་ཤས་སོང་ཡང་ཁོང་ལ་ཡོང་འབབ་དེ་ཙམ་རག་མེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ས་སྐྱ་རྫོང་གིས་གནད་སྨིན་ཇུས་བསྟར་བྱས་ཏེ་ངལ་ནུས་དབུལ་པོར་གསོ་སྦྱོང་བྱས་ནས་སྔོན་ལ་ལས་ཞུགས་ཐུབ་པར་རོགས་སྐྱོར་བྱེད་པ་གནས་བབ་གལ་ཆེན་དུ་འཇོག་པ་དང་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། འདོན་འཇུག་འཕྲུལ་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར། ཁ་ལོ་བ། མ་བྱན། ཟངས་བཟོ། ལྷ་འབྲི། གསོ་ཚགས་ལག་རྩལ་སོགས་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་ས་སྐྱ་རྫོང་གིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་425བཏང་སྟེ་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་36གཉེར་ནས་ཁྱོན་བསྡོམས་མི་ཐེངས་2030ལ་གསོ་སྦྱོང་བྱས་པ་དང་། དེའི་ནང་དུད་ཚང་དབུལ་པོའི་མི་1164ཡོད་པ་དང་གསོ་སྦྱོང་ཚད་ལོན་ཚད་100%དང་ལས་ཞུགས་ཐུབ་ཚད་90%ལྷག་ཙམ་ཟིན་ཡོད།

    “པི་ཝང་རྒྱུད་མང”མཁས་པ་པདྨ་རྒོད་སྐྱེས་ཀྱིས།

    ཁྲེང་ཏུའི་སློབ་གྲྭ་ཆེ་མོར་འགྲོ་འདོད་ཡོད། སློབ་མཐར་ཕྱིན་རྗེས་ཕ་ཡུལ་འཛུགས་སྐྲུན་བྱེད་ཀྱི་ཡིན།

    འདི་ལོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་སློབ་མ་ཚོའི་དྲན་ཤེས་སུ་དགུན་གསེང་གི་ངལ་གསོ་རྒྱུན་རིང་ཤོས་བརྒྱབ་ཡོད། བྲག་དམར་གྲོང་ཚོའི་པདྨ་རྒོད་སྐྱེས་ཀྱི་ངོས་ནས་བརྗོད་ན། དགུན་གསེང་རིང་པོ་དེ་འདྲ་མེད་པའི་ཚོར་སྣང་བྱུང་། འདི་ལོ་སློབ་འབྲིང་ལོ་རིམ་གསུམ་པར་འགྲོ་བཞིན་པའི་ཁོ་པས་ཁྱིམ་དུ་བསྡད་ནས་བློ་རྩེ་གཅིག་སྒྲིམ་གྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་སློབ་སྦྱོང་བྱེད་བཞིན་ཡོད།

    དལ་ཁོམ་བྱུང་བའི་སྐབས་སུ་ཁོ་པས་རྟག་ཏུ་པི་ཝང་རྒྱུད་མང་བཟུང་ནས་རང་གིས་དགའ་ཤོས་བྱེད་པའི་གླུ་གཞས《ཁྲེང་ཏུའུ》ཐེངས་ཁ་ཤས་དཀྲོལ་གྱི་ཡོད། “ཚན་རིག་དང་སྒྱུ་རྩལ་ནི་གཅིག་ཕན་གཅིག་གྲོགས་དང་ཕན་ཚུན་འཆར་སྣང་སློང་རེས་བྱེད་ཐུབ”ཅེས་པདྨ་རྒོད་སྐྱེས་ཀྱིས་བཤད།

    “གསར་འགོད་པ་རྒན་ལགས། ཁྱེད་རྣམས་ཤང་དང་རྫོང་ཁག་ཏུ་བཅར་འདྲིར་ཕེབས་སྐབས་ཁང་པ་མཛེས་ཤོས་ནི་སློབ་གྲྭ་ཡིན་པ་ཤེས་ངེས་རེད། རྒྱལ་ཁབ་ཀྱིས་ང་ཚོར་སློབ་སྦྱོང་གི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་ལ། སློབ་ཡོན་དང་། ཉལ་ཁང་གི་གླ་ཆ། ལྟོ་རིན་སོགས་ཚང་མ་བསྡུ་ཡི་མེད་པས་ང་ཚོས་སློབ་སྦྱོང་ཡག་པོ་མི་བྱེད་པའི་རྒྱུ་མཚན་མེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ས་སྐྱ་རྫོང་གིས་སློབ་གསོ་འཕེལ་རྒྱས་གཏོང་བ་བློ་སྐྱོར་རིག་སྐྱོར་དང་དབུལ་པོ་མི་རབས་རྒྱུན་འཇགས་མི་ཡོང་བར་བྱེད་པའི་རྩ་བཅོས་ཐབས་ཇུས་སུ་བརྩིས་ཤིང་། རྫོང་དེའི་ནོར་སྲིད་ཀྱིས་ལོ་ལྟར་ས་གནས་ནོར་སྲིད་ཀྱི་ཡོང་འབབ་ནས་25%སློབ་གསོའི་བྱ་གཞག་ལ་གཏོང་གི་ཡོད། རིམ་རྩིས་བརྒྱབ་ན་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་ཁྱོན་སྒོར་ཁྲི་3000ལྷག་ཙམ་བཏང་བ་དང་འབྲེལ། རྒྱལ་ཁབ་ཀྱི་དཔྱད་དཔོག་ཁས་ལེན་བདེ་བླག་བྱུང་ཡོད། ཡིག་ཚགས་དང་གཱ་བཟོས་པའི་སློབ་ཆེན་སློབ་མ་དབུལ་པོ་773ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་388.93བཏང་བ་དང་། སློབ་ཞུགས་གོང་གི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་55.08%ཟིན་པ། སློབ་འབྲིང་དང་སློབ་ཆུང་དུ་ཞུགས་ཚད་99.9%དང་99.95%ཟིན་ནས་རྫོང་ཡོངས་སུ་འོས་འགན་སློབ་གསོའི་དུས་མཚམས་རིང་སློབ་མཚམས་ཆད་པའི་གནས་ཚུལ་ཐོན་མེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།