སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་དུས་མཚུངས། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་སོགས་ལས་དོན་ཁྲོད་མཐའ་གཅིག་ཏུ་ལག་བསྟར་བྱ་ཆེད། ངེད་སྐད་འཕྲིན་སྤྱི་རྟགས་ཐོག་དེ་རིང་ནས་བཟུང“ཞི་ཅིན་ཕིང་གི་ལེགས་བཤད་སྙན་སྒྲོན”ཞེས་པའི་ལེ་ཚན་བཀོད་སྒྲིག་བྱས་ཏེ《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》﹙པོད་དང་པོ་དང་གཉིས་པ﹚དང་གཙོ་རྒྱུན་སྨྱན་སྦྱོར་ཐོག་སྤེལ་བའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་ནང་དོན“འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་སྐོར”དང“གནད་སྨིན་དབུལ་སྒྲོལ་སྐོར” “སྣོད་བཅུད་འཛུགས་སྐྲུན་སྐོར”སོགས་ཀྱི་འབྲེལ་ཡོད་ནང་དོན་རིམ་སྤེལ་བྱ་རྒྱུ་ཡིན་པས་རྒྱ་ཆེའི་དྲ་གྲོགས་ལྷན་རྒྱས་ནས་དོ་ཁུར་ཡོད་པ་ཞུ།
དབུལ་སྒྲོལ་འགག་སྒྲོལ་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྔར་བཞིན་ཛ་དྲག་པོ་ཡོད་ལ། ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་སྔར་བཞིན་མི་ཉུང་བ་ཞིག་ཡོད། སླད་ཕྱིན་གྱི་ལོ་གསུམ་རིང་མི་ཁྲི་3000ལྷག་ཙམ་དབུལ་སྒྲོལ་ཡོང་བ་བྱེད་དགོས་པར་གནོན་ཤུགས་ཆེ་ལ་དཀའ་གནད་ཀྱང་ཆེན་པོ་འཕྲད་སྲིད་པ་མ་ཟད། ཇི་ཙམ་མཐའ་མཇུག་ཏུ་སླེབས་སྐབས་དཀའ་གནད་ཀྱང་དེ་བས་ཆེ་བ་ཡོད།
མི་འབོར་དབུལ་པོ་དུས་བཀག་བཞིན་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་དགོས།
གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུས་བཀག་བཞིན་དབུལ་སྒྲོལ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོ་ཐག་གཅོད་བཅས་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་ཚད་ཀྱི་ལས་འགན་ཞིག་དང་ང་ཚོས་བཞག་པའི་བརྗིད་ཆེའི་དམ་བཅའ་ཞིག་རེད། ཏང་ཡོངས་ཀྱིས་ལས་དོན་ཡག་པོ་བསྒྲུབས་ཏེ་2020ལོར་སླེབས་སྐབས་མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་དགོས།
འབྱོར་འབྲིང་ཐུབ་མིན་གྱི་འགག་རྩ་ནི་ཡུལ་མི་སྤུན་ཟླར་ཐུག་ཡོད།
དེར་བརྟེན་ངས་འབྱོར་འབྲིང་ཐུབ་མིན་གྱི་འགག་རྩ་ནི་ཡུལ་མི་སྤུན་ཟླ་དང་། ལྷག་དོན་དུ་ཡུལ་མི་སྤུན་ཟླ་དབུལ་པོ་དབུལ་སྒྲོལ་ཐུབ་མིན་ལ་ཐུག་ཡོད་ཅེས་ཤོད་མྱོང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་ང་ཚོས་རྒྱལ་ཡོངས་མི་དམངས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཞིག་ཡིན་པས། ངེས་པར་དུ་མངོན་འགྱུར་ཡོང་བ་བྱེད་དགོས་པ་མ་ཟད། ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པའང་བྱེད་དགོས་པ་ལས། ཕྱིར་བཤོལ་རྒྱག་ས་ཡེ་ནས་མེད། འབྱོར་འབྲིང་མངོན་འགྱུར་གྱི་དུས་སུ་སླེབས་སྐབས་ང་ཚོས་མངོན་འགྱུར་ཐུབ་མ་སོང་། ད་དུང་ལོ་ཁ་ཤས་འབད་འཐབ་བྱེད་དགོས་འདུག་ཅེས་བརྗོད་མི་རུང་།
དབུལ་སྒྲོལ་འགག་སྒྲོལ་ནི་འབད་བརྩོན་བྱས་ནས་བྱུང་བ་ཞིག་རེད།
དབུལ་སྒྲོལ་འགག་སྒྲོལ་ནི་འབད་བརྩོན་བྱས་ནས་བྱུང་བ་ཞིག་ཡིན་པས། དང་ཐོག་ས་ཁུལ་དབུལ་པོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་ཀྱིས་ལས་དོན་སྒྲུབ་དགོས། ཕྱི་རོལ་གྱི་སྟོབས་ཤུགས་ཡག་པོ་སྤྱོད་པ་དང་ནང་ཁུལ་གྱི་སྟོབས་ཤུགས་འཕེལ་བར་བྱེད་པ་ནི་ཁོང་དུ་ཆུད་དགོས་ངེས་ཀྱི་འབྲེལ་བ་གལ་ཆེན་ཞིག་རེད། ས་ཁུལ་དབུལ་པོའི་ངོས་ནས་བརྗོད་ན། ཕྱི་རོལ་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་མཁོ་གལ་ཆེ་རུང་། རང་ཉིད་ཀྱིས་འབད་བརྩོན་མི་བྱེད་པ་དང་བྱ་བ་དངོས་མ་བསྒྲུབས་ན་ཕྱི་རོལ་སྟོབས་ཤུགས་ཀྱི་རོགས་སྐྱོར་ག་ཚོད་བྱས་ཀྱང་ཕན་ནུས་ཆེན་པོ་ཐོན་མི་སྲིད།
དབུལ་སྐྱོར་ངོ་མ་དང་། དབུལ་པོ་ངོ་མར་རོགས་སྐྱོར། དབུལ་སྒྲོལ་ངོ་མ་བཅས་བྱེད་དགོས།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ལས་འགུལ་སྤེལ་བ་དང་འཕྲལ་སྒྲུབ་བྱེད་ཐེངས་གཅིག་མིན་པས། དབུལ་སྐྱོར་ངོ་མ་དང་། དབུལ་པོ་ངོ་མར་རོགས་སྐྱོར། དབུལ་སྒྲོལ་ངོ་མ་བཅས་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པ་བྱེད་དགོས། འགག་སྒྲོལ་དམག་འཐབ་ནི་འགག་སྒྲོལ་དམག་འཐབ་ཀྱི་ཐབས་ལ་བརྟེན་ནས་རྒྱག་དགོས་པ་དང་། འགག་རྩ་ནི་གནད་སྨིན་དང་དངོས་སྒྲུབ་ལ་ཐུག་ཡོད། གནད་སྨིན་གྱི་བྱེད་ཐབས་སྤྱད་ཚེ་ནུས་པ་དམིགས་སར་དོན་འཁྱོལ་ཐུབ་པ་དང་། ལས་དོན་ཡག་པོ་སྒྲུབ་པ་དང་བྱེད་ཐབས་གནད་སྨིན་བྱུང་ཚེ་གཞི་ནས་ཕན་ནུས་ཐོན་སྲིད།
དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྐྱོར་བྱེད་པ་དང་དབུལ་ཕོངས་སེལ་བར་སྔོན་ལ་རྨོངས་པ་སེལ་དགོས།
དབུལ་པོའི་གནས་ལས་སྒྲོལ་བར་དངོས་པོའི་ཐད་ནས་དབུལ་སྒྲོལ་བྱེད་རྒྱུ་གཙོ་བོ་མིན་པར། འདུ་ཤེས་དང་བསམ་བློར་དབུལ་སྐྱོར་བྱ་རྒྱུ་གཙོ་བོ་རེད་ཅེས་ངས་ཤོད་མྱོང་ཡོད། དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྐྱོར་བྱེད་དགོས་པ་དང་དབུལ་ཕོངས་སེལ་བར་སྔོན་ལ་རྨོངས་པ་སེལ་དགོས། དབུལ་པོ་ཡིན་པར་སྐྲག་དགོས་དོན་མེད། སྐྲག་དགོས་པ་ནི། ཤེས་བྱ་མི་འདང་བ་དང་། རིག་གནས་མེད་པ། ཤེས་ཚད་མི་འདང་བ། སེམས་ཤུགས་མེད་པ་བཅས་རེད། དབུལ་སྒྲོལ་ཕྱུག་འགྱུར་བྱེད་པར་དངུལ་ཁུག་ལྗིད་ཏིག་ཏིག་ཡོད་དགོས་པ་མ་ཟད། བསམ་བློའི་རྒྱགས་ཕྱེ་དེ་བས་ཀྱང་ཕུན་སུམ་ཚོགས་པོ་ཡོད་དགོས།