དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཆབ་མདོས་རྒུན་འབྲུམ་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤུའེ་ཝུན་ཤན་དང་ཝང་ཙེ་ཧའོ།   |     སྤེལ་དུས།  2020-05-14

    ཟླ་ལྔ་པ་འཆར་ཚུན་བོད་ལྗོངས་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྨོག་ཤོད་ཤང་དུ་ལྗོན་ཤིང་ལོ་མ་རྒྱས་པ་དང་ནེའུ་གསིང་སྔོ་ཐིང་ངེར་གནས།

    རྨོག་ཤོད་ཤང་དུ་དུད་ཚང་211གིས་རྒུན་འབྲུམ་མུའུ་1980བཏབ་པའི་ནང་མུའུ་1019ལ་འབྲས་བུ་བཏགས་ཡོད། རྨོག་ཤོད་ཤང་གི་ཤང་ཀྲང་ཡེ་ཤེས་རྡོ་རྗེས། ན་ནིང་ཤང་ཡོངས་ཀྱི་རྒུན་འབྲུམ་ཐོན་འབབ་ཏུན་350ཟིན་ནས་དངུལ་སྨར་ཡོང་འབབ་སྒོར་ཁྲི་177ལྷག་ཙམ་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་8400རག་པ་མ་ཟད་མང་ཚོགས་མི་ཉུང་བ་ཞིག་དབུལ་སྒྲོལ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

    རྨོག་ཤོད་ཤང་དང་། འཇང་མི་རིགས་ཤང་། ཆུ་ཚན་ཁ་ཤང་བཅས་ནི་སྨར་ཁམས་རྫོང་གི་ལྷོ་ངོས་སུ་གནས་པས་དེ་གའི་གནམ་གཤིས་རྒུན་འབྲུམ་འདེབས་རྒྱུར་འཚམ་པ་དང་ལོ་རྒྱུས་ཐོག་རྒུན་འབྲུམ་འདེབས་པ་དང་རྒུན་ཆང་བསྙལ་སྲོལ་ཡོད། ད་ཕན་ལོ་ཤས་རིང་སྨར་ཁམས་རྫོང་གིས་རྒུན་འབྲུམ་འདེབས་འཛུགས་ཤུགས་ཆེན་བྱས་པས་དེ་ནི་མང་ཚོགས་དབུལ་སྒྲོལ་འབབ་འཕར་ཡོང་བའི་ཐོན་ལས་ཡག་པོ་ཞིག་ཏུ་གྱུར་བ་རེད།

    རྒུན་འབྲུམ་ཐོན་ལས་སྐྱེད་སྲིང་བྱ་ཆེད་སྨར་ཁམས་རྫོང་གིས་ཁེ་ལས་མང་པོ་ཞིག་ནང་འདྲེན་བྱས་ཏེ་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་དང་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། གསར་འགོད་པ་རྨོག་ཤོད་ཤང་ནས་ཐོན་ཏེ་འཇང་མི་རིགས་ཤང་གི་བོད་ཤར་རྒྱུད་ཀྱི་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིར་བསྐྱོད་པ་ཡིན།

    རྨོག་ཤོད་ཤང་གི་མང་ཚོགས་ཀྱིས་ན་ནིང་བཏབ་པའི་རྒུན་འབྲུམ་ཚང་མ་ཀུང་སི་དེར་བཙོངས་པའི་ཁར་ལས་སྣོན་དང་ཆང་བསྙལ་བ་སོགས་ཀྱི་ལྷུ་ཚིགས་བརྒྱུད་རོ་བཅུད་ལྡན་པའི“བདག་དམར་གཡང”རྒུན་ཆང་དེ་བོད་དང་ཐ་ན་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད། “ན་ནིང་ང་ཚོས་མང་ཚོགས་ཀྱི་ལག་ནས་རྒུན་འབྲུམ་ཏུན་410ཉོས་པར་བསྡོམས་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ཡོད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཆོས་མཚོས་བཤད་པ་དང་ཀུང་སིས་ཡུལ་དེའི་མང་ཚོགས་28ཡུན་རིང་གླས་ཏེ་མི་རེར་ཟླ་རེར་ཆ་སྙོམས་གླ་ཆ་སྒོར་3600སྤྲོད་ཀྱི་ཡོད་པ་རེད།

    ཀུང་སི་དེའི་རྒུན་ཆང་རྩེ་གྲ་སྙོལ་བྱེད་ཀྱི་འདེབས་འཛུགས་རྟེན་གཞི་མུའུ་500དེ་དག་འཇང་མི་རིགས་ཤང་འཇང་གྲོང་ཚོ་ནས་བོགས་མར་བླངས་པ་དང་མུའུ་རེའི་ལོ་གཅིག་གི་བོགས་དངུལ་སྒོར་1500ཡིན་པ་རེད། ཡུལ་དེའི་མང་ཚོགས་ལ་བོགས་དངུལ་རག་པ་དང་དུས་མཚུངས་ད་དུང་རྟེན་གཞིར་རྩྭ་ངན་བཀོག་པ་དང་། ལུད་རྒྱག་པ། ཤིང་འབྲས་འཐུ་བ་སོགས་ལས་ཀ་བྱས་པར་མི་རེར་ཉིན་རེའི་གླ་ཆ་སྒོར་150ཡོད་པ་རེད།

    ད་ཕན་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གིས་ཀྱང་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་གྲུབ་འབྲས་རགས་ཙམ་ཐོན་པ་དང་། རྫོང་དེའི་ཀྲུང་གླིང་ཤང་དུ་ཡུལ་དེས་ས་རྒོད་མུའུ་7000ལྷག་ཙམ་གཅིག་སྡུད་ཡུག་སྦྲེལ་གྱི་རྒུན་འབྲུམ་གླིང་དུ་སྒྱུར་བཀོད་བྱས་པར་འདེབས་འཛུགས་རྒྱ་ཁྱོན་མུའུ་5832ཟིན་པ་དང་སྲིད་གཞུང་གིས་ད་དུང་རྒུན་འབྲུམ་སྡོང་རྐང་ཁྲི་7.5རིན་མེད་ངང་སྤྲད་དེ་མང་ཚོགས་ལ་ཁང་པའི་རྒྱབ་མདུན་དུ་རྒུན་འབྲུམ་འདེབས་རྒྱུར་སྐུལ་མ་བཏང་བ་རེད།

    2019ལོར་མཛོ་སྒང་རྫོང་གིས་བོད་སྐྱོར་ཐབས་ལམ་བརྒྱུད། ཤ་མོན་གྲོང་ཁྱེར་གྱི་ཁྲེང་ཀུང་ཧུང་ཚོགས་པ་ནང་འདྲེན་བྱས་ནས་བོད་ལྗོངས་ཁྲེང་ཀུང་ཧུང་ཐན་ལུའུ་ཨར་ཁང་གིས་ཀྲུང་གླིང་ཤང་གི་རྒུན་འབྲུམ་གླིང་གི་འདེབས་འཛུགས་དོ་དམ་དང་། ལས་མི་བསྡུ་སྤྱོད། རྒུན་ཆང་སྙོལ་བ། ཐོན་རྫས་ཕྱིར་ཚོང་སོགས་ཀྱི་ལས་འགན་ཁུར་ནས་ཐོན་ལས་འཁོར་སྦྲེལ་ཧྲིལ་པོ་བཏོད་དེ་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་ཐབས་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡི་གྲངས་གཞི་ལས་མངོན་པར། གྲོང་ཁྱེར་ཡོངས་ཀྱི་རྒུན་འབྲུམ་འདེབས་ཁྱོན་མུའུ་ཁྲི་1.95ཟིན་པ་དེ་དག་གཙོ་བོ་སྨར་ཁམས་དང་། མཛོ་སྒང་། དཔའ་ཤོད། བྲག་གཡབ་སོགས་རྫོང་དུ་ཁྱབ་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་རྒུན་འབྲུམ་ཐོན་སྐྱེད་དང་ལས་སྣོན་ཁེ་ལས་5སྐྱེད་སྲིང་བྱས་པར་ལོར་རིགས་ཁག་གི་སྤུས་རྟགས་རྒུན་ཆང་ཏུན་600ལྷག་ཙམ་ཐོན་སྐྱེད་ཐུབ་པ་དང་། ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་6400ལྷག་ཙམ་ཟིན་ཏེ་མང་ཚོགས་དབུལ་པོ་400ལྷག་ཙམ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།