རྣམ་གླིང་རྫོང་ནས་རླངས་འཁོར་བཏང་སྟེ་རྡོག་ཐོན་བྱས་རྗེས་སྐར་མ་བཅུ་ཡང་མི་འགོར་བར་འདྲེན་བྱེད་མདུན་དུ་ས་བཟུང་རྒྱ་ཁྱོན་མུའུ་192ཙམ་ཡོད་པའི་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་འཕྲང་འགོ་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་བྱ་ཡུལ་མངོན་ཞིང་། བོད་བཟོའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་སྟར་པ་རེ་རེ་བཞིན་སྤེལ་མར་ཆགས་པ་དང་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ཨར་འདམ་ལམ་བུ་རེ་རེ་བཞིན་ཁྱིམ་ཚང་ཚང་མའི་སྒོ་ཁར་ཤར་གཏོང་ཐུབ་ལ་ཐོག་ཁར་སྐར་ལྔའི་དར་དམར་གསར་རྐྱང་རེ་རེ་བཞིན་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
“ཁང་པ་གསར་པར་སྤོས་རྗེས་འཚོ་བའང་ཇེ་ཡག་ཏུ་ཕྱིན་པ་དང་ལས་ཀ་གང་བྱེད་ཀྱང་ངར་ཤུགས་ཀྱིས་ཁེངས་ཀྱི་འདུག”ཅེས་ཡངས་ཤིང་དཀར་ཆ་དོད་པའི་ཁང་གསར་ནང་བསྡད་པའི་འཕྲང་འགོ་གྲོང་ཚོའི་གྲོང་མི་རིག་འཛིན་གྱིས་དགའ་ཚོར་ཆེན་པོས་བཤད།
རིག་འཛིན་གྱི་ཁྱིམ་ནི་དེ་སྔ་རྣམ་གླིང་གྲོང་རྡལ་གྱི་རི་ཁུག་ཅིག་ཏུ་ཡོད་པ་དང“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་གསོ་སྐྱོང་མི་ཐུབ་པའི”དཔེ་མཚོན་གྱི་ཡུལ་ཞིག་རེད། རིག་འཛིན་ཁྱིམ་གྱི་ཁང་པ་ནི་སོ་ཕག་ཁང་པ་ཡིན་པས་དབྱར་ཁ་ཆར་ཐིགས་རྒྱག་ལ་དགུན་ཁ་གངས་གསོག་ཐེབས་ཤིང་། འཐུང་ཆུ་ནི་ཉེ་འགྲམ་གྱི་གཙང་པོ་ནས་སྒལ་པར་ལེན་དགོས་པས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་ལ་ས་ཞིང་ཡང་ཉུང་བ་དང་ལོ་འཁོར་མོའི་ཡོང་འབབ་ཀྱིས་གཞི་རྩའི་འཚོ་བ་འཕྱིད་ཙམ་ལས་མེད།
2017ལོར་གྲོང་རྡལ་དུ་གནས་སྤོ་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱིས་དངུལ་བཏོན་ནས་ཁང་པ་རྒྱག་པའི་གཏམ་བཟང་ཁྱབ། 2019ལོའི་ཟླ་9པར་རིག་འཛིན་ཁང་པ་གསར་པར་སྤོས་པ་དང་སྤོ་ཡུལ་དེ་ཞིང་ཆེན་ལམ་དང་སྦྲེལ་ཞིང་། “ཁང་གསར་རྒྱ་ཆེ་ལ། ཁང་མིག་མང་བ་དང་ཁྱིམ་ཆས་ཆ་ཚང་བ། ཁང་པའི་ཕྱི་ནང་ཚང་མར་ཨར་འདམ་བཏིང་བ་མ་ཟད་ད་དུང་ཆུ་དང་། གློག དྲ་བ་བཅས་ཀྱང་ཤར་གཏོང་ཐུབ་ཁར་རྫོང་གྲོང་དང་བར་ཐག་ཉེ་བ་དང་ཕྱི་ཕྱོགས་སུ་གླ་པར་འགྲོ་བདེ་བ་བཅས་ཡོད་པ་རེད”
དེས་ན་རིག་འཛིན་དང་འདྲ་བར་ད་དུང་གྲོང་ཚོ་ཡོངས་ཀྱི་དུད་ཚང་252ཀྱི་མང་ཚོགས་969དགའ་སྤྲོས་ཁེངས་ཡོད།
རྣམ་གླིང་གྲོང་རྡལ་འཕྲང་འགོ་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་བྱ་ཡུལ་ནི་རྣམ་གླིང་རྫོང་གིས་2017ལོར་ལག་བསྟར་བྱས་པའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ལྔ་ཡི་གྲས་ཤིག་ཡིན་ཞིང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་2.6ལྷག་ཙམ་ཡོད་པ་དང་མིག་སྔར་གནས་སྤོས་དུད་ཚང་བསྡོམས་252ཀྱི་མང་ཚོགས་969ཡོད། གནས་སྤོ་བྱ་ཡུལ་གཙོ་བོ་ནི་རྣམ་གླིང་གྲོང་རྡལ་དང་། རྒྱ་མཚོ་ཤང་། ཕུ་འདམ་ཤང་བཅས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད། འཕྲང་འགོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་དབྱངས་ཀྱིས“འཕྲང་འགོ་གྲོང་གསར་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་བཀོད་སྒྲིག་བྱས་ཏེ་ཆུ་དང་། གློག ཨར་འདམ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གང་དགོས་ཡོད་པ་དང་ཁང་པའི་དབྱིབས་ལ་རིགས་གསུམ་ཡོད་པ་སྟེ། རྒྱ་ཁྱོན་ལ་སྨི་ངོས་གྲུ་100.06ཡོད་པའི་མི་གསུམ་མན་ཆད་ཀྱི་ཁང་ཆུང་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་115.82ཡོད་པའི་མི་བཞི་ནས་དྲུག་བར་གྱི་ཁང་འབྲིང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་124.1ཡོད་པའི་མི་བདུན་ཡན་གྱི་ཁང་ཆེན་བཅས་ཡོད”ཅེས་ངོ་སྤྲོད་བྱས།
ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱས་ཏེ་མང་ཚོགས་ཁང་པ་གསར་པར་སྡོད་རྒྱུ་ཡོང་བ་མ་ཟད་ད་དུང་འཚོ་བ་ཡག་པོ་སྐྱེལ་ཐུབ་པའང་བྱ་རྒྱུ་རེད།
གནས་སྤོས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད་འཕྲང་འགོ་གྲོང་ཚོའི་སྤྱི་པའི་ལེ་ལག་ཚང་བའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། མ་དངུལ་སྒོར་ཁྲི་2962.48བཏང་ནས་ཆུ་དང་། གློག ལམ། འཕྲིན་གཏོང་། ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། མ་དངུལ་སྒོར་ཁྲི་225.7བཏང་ནས་རྒྱ་ཁྱོན་ལ་སྨི་ངོས་གྲུ་342.82ཟིན་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བསྐྲུན་པ། མ་དངུལ་སྒོར་ཁྲི་320བཏང་ནས་རྒྱ་ཁྱོན་ལ་སྨི་ངོས་གྲུ་3211.51ཟིན་པའི་གྲོང་ཚོའི་བུ་བཅོལ་ཁང་བསྐྲུན་ནས་གནས་སྤོས་གྲོང་ཚོའི་བྱིས་པའི་སློབ་གསོའི་དགོས་མཁོ་གཞི་རྩའི་ཆ་ནས་བསྐངས་པ། འཕྲང་འགོ་གྲོང་ཚོའི་སྡེ་ཁུལ་གྱི་འཕྲོད་སྟེན་ཞབས་ཞུ་ལྟེ་གནས་ཀྱི་ས་ཆ་བདམས་ཟིན་ནས་མ་དངུལ་སྒོར་ཁྲི་290བཏང་བ་དང་རྒྱ་ཁྱོན་ལ་སྨི་ངོས་གྲུ་500ཟིན་ཡོད་ཅིང་རྣམ་གྲངས་དེ་བསྐྲུན་རྗེས་དེ་མཚུངས་ཀྱི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་དང་སྨན་པ་གསུམ་ནས་ལྔ་བར་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་སྨན་བཅོས་ལ་སྟབས་བདེ་ཡོང་བའི་འགན་ལེན་བྱེད་པ་བཅས་རེད། ད་ཆའི་འཚོ་བའི་སྐོར་གླེང་སྐབས་རྣམ་གླིང་གྲོང་རྡལ་ནས་དེ་གར་སྤོས་པའི་གྲོང་མི་ཚེ་རིང་དབང་འདུས་ཀྱིས“སྔོན་ཆད་འཚོ་བ་འདི་ལྟ་བུ་ཡག་པོ་ཡོང་བ་སེམས་ལ་འཁོར་མྱོང་མེད། ད་ཆ་འཚོ་བ་འདི་ལྟ་བུ་དངོས་སུ་སྐྱེལ་རྒྱུ་བྱུང”ཞེས་དགའ་སྤྲོའི་ངང་བཤད།
གནས་སྤོས་བྱས་པ་ནི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་གྱི་གོམ་སྟབས་དང་པོ་ཡིན་པ་དང་ཕྱུག་པོ་ཆགས་ཐུབ་མིན་ནི་གཞི་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ་གཞིས་ཆགས་ཐུབ་མིན་གྱི་འགག་རྩ་རེད།
གནད་དོན་དེའི་ཐད་རྣམ་གླིང་རྫོང་གིས་སྔ་ས་ནས་གྲ་སྒྲིག་བྱས་ཟིན་པ་དང་གནས་སྤོས་མང་ཚོགས་ལ་ལས་ཀ་ཡོད་པ་དང་། ལས་ཞུགས་ཐུབ་པ། ཡོང་འབབ་གསོག་ཐུབ་པ་བཅས་བྱ་ཆེད། རྣམ་གླིང་རྫོང་གིས“དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ”དང“དབུལ་པོར་ལས་ཞུགས་ཐུབ་པའི”བྱ་ཐབས་མཉམ་སྤྱོད་དང་། བདེ་སྡོད་དང་ལས་བརྩོན་གལ་ཆེ་མཉམ་བརྩི། གནས་སྤོ་དང་དབུལ་སྒྲོལ་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གནས་སྤོ་བྱ་ཡུལ་འཆར་འགོད་ལུགས་མཐུན་དང་དུས་མཚུངས་ལེ་ལག་ཚང་བའི་ཐོན་ལས་གོམ་སྟབས་ལ་གཅིག་མཚུངས་སྤྱི་འདོམས་བྱས་ནས་ཡུལ་དེའི་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་བཏོད་དེ་གནས་སྤོས་མང་ཚོགས་ཀྱི་འཚོ་བ་འགན་ལེན་དང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་པ་རེད། ད་ཆ་འཕྲང་འགོ་གྲོང་ཚོའི་རུམ་འཐག་མཉམ་ལས་ཁང་འཁོར་རྒྱུག་བྱེད་འགོ་ཚུགས་པ་དང་མཉམ་ལས་ཁང་ལ་མང་ཚོགས་དུད་ཚང་30ཞུགས་ཏེ་མང་ཚོགས་དབུལ་པོ་10ལས་ཞུགས་བརྟན་པོ་བྱུང་ནས་མི་རེའི་ཆ་སྙོམས་འབབ་འཕར་སྒོར་3000ཟིན་གྱི་ཡོད། ནོར་ལུག་གསོ་སྤེལ་མཉམ་ལས་ཁང་བསྐྲུན་ཟིན་པ་དང་ཕྱུགས་ཕྲུག་དང་ལུ་གུ་བཙའ་ཁང་སྐྲུན་བཞིན་ཡོད་ཅིང་། མིག་སྔར་རང་མོས་ངང་མཉམ་ལས་ཁང་དུ་ཞུགས་རྩིས་ཡོད་པའི་མང་ཚོགས་དུད་ཚང་252དང་། མང་ཚོགས་ཀྱི་མཉམ་ལས་ཁང་གི་མ་རྐང་ལ་བཞག་པའི་ཕྱུགས་ཟོག་89དང་། ལུག་186 མ་དངུལ་སྒོར་ཁྲི་8.78བཅས་ཟིན་ནས་མི་63ལས་ཞུགས་བརྟན་པོ་བྱུང་ཡོད།
འཕྲང་འགོ་གྲོང་ཚོ་བརྒྱུད་རི་གཤམ་དུ་མུའུ་1200ཟིན་པའི་ཁུང་ཨ་ཧའེ་ཐང་མེ་ཏོག་རྟེན་གཞིའི་ཧའེ་ཐང་མེ་ཏོག་གི་མྱུ་གུ་འབུས་པ་དང“ན་ནིང་རྟེན་གཞིའི་ཧའེ་ཐང་མེ་ཏོག་དམར་ཆིལ་ལེར་བཞད་པ་དེ་ནི་ང་ཚོའི་ད་ཆའི་འཚོ་བ་ལྟར་གཉིས་སུ་མ་མཆིས། གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་བསྐྲུན་རྗེས་ངས་གྲོང་ཚོར་སླར་ཡང་བོད་ཆས་མཉམ་ལས་ཁང་ཞིག་བཙུགས་ཏེ་ཁྱིམ་རྒྱུད་ཀྱི་བོད་ཆས་འཚེམ་རྩལ་ཡུལ་མི་དེ་བས་མང་བར་བསླབས་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན”ཞེས་མ་འོངས་པའི་འཆར་གཞིའི་སྐོར་གླེང་སྐབས་རྫོང་གྲོང་དུ་བོད་ཆས་འཚེམ་ཁང་བཙུགས་པའི་འཕྲང་འགོ་གྲོང་ཚོའི་གྲོང་མི་བུ་ཆུང་གིས་རང་ཉིད་ཀྱི་འདུན་པ་མ་གསངས་དྲང་པོར་བཤད།