དབུ་ཤོག>ཆེད་སྒྲིག
  • འཁེལ་འཐག་ལས་རིགས་དར་སྤེལ་བཏང་། བདེ་སྐྱིད་ལྡན་པའི་འཚོ་བ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-10

    ཁོང་གིས་2003ལོར་པ་སྣམ་རྫོང་བྱ་འབྲུག་འཁེལ་འཐག་བཟོ་གྲྭ་བཙུགས་པ་དང་། 2012ལོར་པ་སྣམ་རྫོང་མཐུན་པ་སྤུན་བཞི་སྲོལ་རྒྱུན་ཁ་གདན་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ། 2017ལོར་འཁེལ་འཐག་བཟོ་གྲྭས་དུད་ཚང་དབུལ་པོ་120དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

    ཁོང་ནི་པ་སྣམ་རྫོང་བྱ་འབྲུག་འཁེལ་འཐག་བཟོ་གྲྭའི་ཁྲང་ཀྲང་ཆོས་སྒྲོན་རེད།

    ང་ཚོ(གསར་འགོད་པ)འཁེལ་འཐག་བཟོ་གྲྭར་སྐྱོད་སྐབས་ཆོས་སྒྲོན་གྱིས་སེམས་རྩ་འཁོལ་པོས་སྣེ་ལེན་ཞུས་བྱུང་།

    འཕྲུལ་འཁོར་གྱི་ལྡིར་སྒྲ་དང་སྲོལ་རྒྱུན་ཐགས་ཁྲིའི་སྒྲའི་ཁྲོད་དུ། ཆོས་སྒྲོན་གྱིས་འཛུམ་དམུལ་དམུལ་ངང“མིག་སྔར། བྱ་འབྲུག་འཁེལ་འཐག་བཟོ་གྲྭས་མི་རིགས་ཀྱི་ལག་ཤེས་ཐོན་རྫས་སྣ་ཁ་10ལྷག་ཙམ་ལས་སྣོན་དང་ཐོན་སྐྱེད་བྱེད་པ་དང་། སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ནས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པའི་བར་གྱུར་པ། གཏན་འཇགས་ལས་མི་45ཟིན་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་17ཡོད་པར་མི་རེའི་ཟླ་རེའི་གླ་ཕོགས་སྒོར་4500ཟིན་པ། གྲོང་གསེབ་ཀྱི་བུད་མེད་དང་། རྒན་རྒོན། གཟུགས་གཞི་སྐྱོ་བ། ནད་པ། དབང་པོ་སྐྱོན་ཅན་བཅས་ཀྱི་ལས་མི་308ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་97ཡོད་པར་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་4000ཡན་ཟིན་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

    1970ལོར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་བོན་གོང་གྲོང་ཚོའི་ཆོས་སྒྲོན་གྱིས་ནང་མིའི་ཤུགས་རྐྱེན་འོག ལོ་9ནས་བཟུང་འཁེལ་འཐག་ལག་རྩལ་སྦྱོང་འགོ་ཚུགས་པ་དང་འབྲེལ་འཁེལ་འཐག་ལག་རྩལ་སྣ་ཚོགས་རིམ་བཞིན་ཁོང་དུ་ཆུད་ཡོད།

    སྲོལ་རྒྱུན་གྱི་འཁེལ་འཐག་ལག་རྩལ་རྒྱུན་འཛིན་ཡག་པོ་བྱ་ཆེད། 2003ལོའི་ཟླ་4པར་ཆོས་སྒྲོན་གྱིས་པ་སྣམ་རྫོང་གི་བྱ་འབྲུག་འཁེལ་འཐག་བཟོ་གྲྭ་བཙུཌ་པ་རེད།

    བཟོ་གྲྭ་བཙུགས་པ་དང་མ་རྩ་འཁོར་རྒྱུག་ཡག་པོ་བྱུང་རྗེས་འཁེལ་འཐག་བཟོ་གྲྭས་ཐོན་སྐྱེད་བྱེད་འགོ་བཙུགས། ཕྱིར་ཚོང་གི་ཐབས་ལམ་རྒྱ་སྐྱེད་གཏོང་ཆེད། འཁེལ་འཐག་བཟོ་གྲྭས“སྣང་སའི་འཇའ་ཚོན”གྱི་སྤུས་རྟགས་བཏོད་པར་སྐུ་མགྲོན་གསར་རྙིང་ཚོའི་དགའ་བསུ་ཆེན་པོ་ཐོབ་ལ། རྒྱལ་ཁབ་ཕྱི་ནང་དུའང་བྲིན་ཁ་རྒྱུག་པོ་བྱུང་ཡོད། “‘སྣང་སའི་འཇའ་ཚོན’སྤུས་རྟགས་ཀྱི་ཁྱད་ཆོས་གཙོ་བོ་ནི་རང་བྱུང་གི་ཚོས་རྒྱུ་སྤྱད་པ་དེ་རེད། ཚོས་རྒྱུ་དེ་དག་ཚང་མ་རང་བྱུང་རྩི་ཤིང་བསྡུར་ཚད་མི་འདྲ་བ་སྡེབ་སྦྱོར་བྱས་པ་ལས་གྲུབ་པ་ཞིག་ཡིན་པས་གཟུགས་པོ་དང་ཁོར་ཡུག་ལ་གནོད་སྐྱོན་མེད”ཅེས་ཆོས་སྒྲོན་གྱིས་གསར་འགོད་པར་བརྗོད།

    གཞི་ཁྱོན་དང་ཕན་འབྲས་ཆེ་རུ་གཏོང་ཆེད་2012ལོར་ཆོས་སྒྲོན་གྱིས་པ་སྣམ་རྫོང་མཐུན་པ་སྤུན་བཞི་སྲོལ་རྒྱུན་ཁ་གདན་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ཆོས་སྒྲོན་གྱིས“མཉམ་ལས་ཁང་བཙུགས་པ་ལས་ཁྱིམ་དུ་ཡོད་པའི་ངལ་རྩོལ་ནུས་ཤུགས་ལྷག་མ་དེ་བས་མང་པོ་ལས་ཞུགས་ཐུབ་ནས་འབབ་འཕར་བྱུང་ཡོད”ཅེས་བརྗོད།

    2017ལོར་བྱ་འབྲུག་འཁེལ་འཐག་བཟོ་གྲྭས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་མ་དངུལ་སྒོར་ཁྲི་1000རེ་ཞུ་བྱས་པ་ཐོབ་ཅིང་། 《པ་སྣམ་རྫོང་གནད་སྨིན་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཁེ་ཕན་འབྲེལ་མཐུད་དོ་དམ་བྱེད་ཐབས》ལྟར། “གཱ་གཅིག་ཀུན་འཐུས”ཀྱི་རྣམ་པ་སྤྱད་དེ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་33ལ་བགོ་འགྲེམ་སྒོར་ཁྲི་3.3བརྒྱབ་ཡོད། བྱ་འབྲུག་འཁེལ་འཐག་བཟོ་གྲྭས་ད་དུང“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”བྱེད་སྒོ་ཡང་ཏན་ཏིག་སྤེལ་ཞིང་། རོགས་སྐྱོར་མ་དངུལ་སྒོར་ཁྲི་48.61བཏང་སྟེ་མག་ཤང་སྒོ་སྟོད་གྲོང་ཚོར་འཁེལ་འཐག་བཟོ་གྲྭ་གསར་སྐྲུན་བྱས་པ་དང་། “གཅིག་གིས་གཅིག་ལ་རོགས་ཁྲིད”དང“གནས་ཀྱིས་གནས་ལ་རོགས་སྐྱོར”གྱི་རྣམ་པ་སྤྱད་དེ་ཡིག་ཚགས་དང་གཱ་བཟོས་པའི་བུད་མེད་དབུལ་པོ་20ལྷག་ཙམ་གསོ་སྦྱོང་བྱས་པ། བུད་མེད་དབུལ་པོར་འཐག་ཁྲི་དང་། ཚོས་རྒྱུ། སྤུན་འཁེལ་འཕྲུལ་འཁོར་སོགས་རིན་མེད་ངང་སྤྲད་པ། ལག་ཤེས་འཁེལ་འཐག་ཐོན་རྫས་དུས་བཀག་བཞིན་བསྡུ་ཉོ་བྱས་པ་བཅས་ལས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3000ཡན་བྱུང་ནས་མི་འབོར་དབུལ་པོའི་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་ཡོད།

    ཆོས་སྒྲོལ་གྱིས་ཐོག་མཐའ་བར་གསུམ་དུ“མི་རིགས་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་རྒྱུ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། ཕུལ་བྱུང་གི་མི་རིགས་ལག་ཤེས་འཁེལ་འཐག་སྤུས་རྟགས་གཏོད་པ། བུད་མེད་དབུལ་པོའི་ཡོང་འབབ་གཏོད་པར་སྐུལ་འདེད་གཏོང་བ”བཅས་དམིགས་ཡུལ་དུ་བཟུང་སྟེ། “བོད་ཀྱི་ཞིང་འབྲོག་པའི་བུད་མེད་ཀྱི་སྲོལ་རྒྱུན་འཁེལ་འཐག་ལས་ཞུགས་གསོ་སྦྱོང་རྟེན་གཞིའི”དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མིག་སྔའི་བར་རིམ་རྩིས་བྱས་ན་ལག་ཤེས་འཁེལ་འཐག་པ་མི་ཐེངས་3800ལྷག་ཙམ་དང་ཚོས་རྒྱག་མཁན་300ལྷག་ཙམ་གསོ་སྦྱོང་བྱས་པའི་ནང་མང་ཚོགས་དབུལ་པོ་350ཡོད་པ་ཚང་མ་ལས་ཞུགས་ཐུབ་སྟེ། དུད་ཚང་རེའི་ལོའི་ཡོང་འབབ་སྒོར་ཁྲི་1ཡན་ཟིན་ནས་མང་ཚོགས་དབུལ་པོ“ཐག་ཉེ་ས་དང་སྟབས་བདེ་ས་དང་། རང་ས་རང་ཡུལ་ནས་མི་འབྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ”བཅས་ཀྱི་ལས་ཞུགས་དམིགས་ཚད་མངོན་འགྱུར་བྱུང་ཡོད། “མིག་སྔར། འཁེལ་འཐག་བཟོ་གྲྭར་ལག་རྩལ་པ་13ཡོད། རྫོང་གང་ཞིག་གི་མི་ཡིན་རུང་ཐོ་འགོད་བྱས་ན་ངས་ལག་རྩལ་པ་དེ་དག་ལ་སློབ་ཁྲིད་བྱེད་དུ་འཇུག་གི་ཡོད”ཅེས་ཆོས་སྒྲོན་གྱིས་བརྗོད།

    དབྱངས་སྐྱིད་ནི་པ་སྣམ་རྫོང་བྱ་འབྲུག་འཁེལ་འཐག་བཟོ་གྲྭའི་ལས་མི་དཀྱུས་མ་ཞིག་ཡིན་པ་དང་པ་སྣམ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། “ང་འདི་ལོ་ལོ་34ལ་སླེབས་ཀྱི་ཡོད། འཁེལ་འཐག་བཟོ་གྲྭར་མ་ཡོང་གོང་ས་ཞིང་མུའུ་འགའ་ཞིག་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་པ་ལས་ཡོང་འབབ་གཞན་ཧ་ལམ་མེད། ཕྱིས་སུ་ངས་ཆོས་སྒྲོན་བཙལ་ནས་ཁོ་མོའི་བཟོ་གྲྭར་ལས་ཀར་ཡོང་རྒྱུའི་རེ་འདུན་འཆང་ཚུལ་བཤད་པ་ཡིན། ཆོས་སྒྲོན་གྱིས་ངའི་ཁྱིམ་ཚང་གི་གནས་ཚུལ་ཤེས་རྗེས་ངའི་རེ་འདུན་སྒྲུབ་བྱུང་། འཁེལ་འཐག་བཟོ་གྲྭར་ཞུགས་རྗེས་ངའི་ལག་རྩལ་ཡག་ཏུ་སོང་བ་མ་ཟད། ད་དུང་ཟླ་རེར་གླ་ཕོགས་སྒོར་2000ཙམ་ཡོད་པས་ངའི་ཁྱིམ་གྱི་འཚོ་བ་ལེགས་སུ་ཕྱིན་སོང”ཞེས་དབྱངས་ཅན་གྱིས་འབྱུང་འགྱུར་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།