དབུ་ཤོག>ཆེད་སྒྲིག
  • དབུལ་སྒྲོལ་འགག་སྒྲོལ་ལམ་བུའི་ཐོག་གི་མཛངས་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-04

    བཞོན་མ་གསོ་ཚགས་རྟེན་གཞི་དང་། བེའུ་དུས་ཐུང་རྒྱཌ་གསོའི་རྟེན་གཞི། རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བཅས་ཐོན་ལས་རྟེན་གཞི་3བསྐྲུན་ནས་ལོར་ཆ་སྙོམས་མང་ཚོགས་མི་ཐེངས་3700ཡི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ཡན་བྱུང་ཡོད། ལེ་ཨ་མེ་སོགས་ཀྱི་འབད་བརྩོན་འོག་ཟངས་རི་རྫོང་ཟངས་རི་གྲོང་རྡལ་ལོག་གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བཟང་པོ་ཞིག་བཏོད་པ་རེད།

    ལེ་ཨ་མེ་གཞི་རིམ་ལ་དགའ་ཞེན་ཆེ་བ་དང་མཐའ་མཚམས་ས་ཁུལ་དུ་ལས་ཀ་བྱ་རྒྱུ་ནི་ཁོང་གི་ཕུགས་འདུན་རེད། 2016ལོར་རྒྱལ་ཁབ་ནས་སློབ་ཆེན་ཐོན་པའི་སློབ་མ་བོད་ལ་རོགས་སྐྱོར་བྱེད་པར་བསྡུ་བའི་གནས་ཚུལ་ཤེས་རྗེས། ཁོང་གིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཞིག་ཏུ་ལས་ཀ་བྱེད་པའི་གོ་སྐབས་བློས་བཏང་ནས་ཡིག་རྒྱུགས་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཟངས་རི་གྲོང་རྡལ་གྱི་གཞི་རིམ་གཞུང་ལས་པ་ཞིག་ཏུ་གྱུར། 2018ལོར་རྩ་འཛུགས་ཀྱིས་ལོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོར་མངགས་པ་རེད།

    བརྟག་ཞིབ་གང་ལེགས་བྱས་ནས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་གྲོས་བསྡུར་ཡང་ཡང་བྱས་རྗེས་ལེ་ཨ་མེ་སོགས་ཀྱིས་ལོག་གྲོང་ཚོར“ཀྲི་པུའུ་དང་། རྟེན་གཞི། མང་ཚོགས”བཅས་ཟུང་འབྲེལ་གྱི་རིམ་གསུམ་མཉམ་འགུལ་གྱི་འབབ་འཕར་ལམ་བུ་བཏོད།

    ལྕང་སྡོང་ལ་ཡལ་བཞུར་རྒྱག་མཁན་མེད་པ་མཐོང་སྐབས་ཆེད་ལས་སྨན་པ་ཡིན་པའི་ཁོང་གིས་ཡལ་བཞུར་རྒྱག་སྟངས་སྦྱངས་ཏེ“ལྡུམ་རའི་ལག་རྩལ་མཁས་ཅན”ཞིག་བྱས་པ་རེད། ད་དུང་ཧུར་བརྩོན་ཆེ་བའི་ལེ་ཨ་མེ་ཡིས་ལས་ཀ་སྣ་ཚོགས་ཁོང་དུ་ཆུད་པ་སྦྱངས་ཤིང་། ནས་འདེབས་པ་དང་ལོ་ཏོག་བརྔ་བསྡུ་བྱེད་སྐབས་ཁོང་གིས་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱས་ནས“ཞིང་པ་ཞིང་རྐྱང”ཞིག་དང་། གྲོང་ཚོའི་རྒན་རྒོན་དང་ཕྲུ་གུ་ཚོའི་སྐྲ་རིང་པོ་ཆགས་པ་མཐོང་སྐབས་ཁོང་གིས“སྐྲ་བཞར་མཁན”ཞིག དགུན་གསེང་དང་དབྱར་གསེང་གི་སྐབས་སུ་ཕྲུ་གུ་ཚོར་སློབ་ཚན་ཟུར་ཁྲིད་བྱེད་མཁན་གྱི“དགེ་རྒན”ཞིག གྲོང་ཚོར་ལམ་བཟོ་སྐབས་ཁོང་གིས་མང་ཚོགས་དང་མཉམ་དུ་ངལ་རྩོལ་དང་མཉམ་དུ་ཨར་པོའི་རྒྱུ་ཆ་དབོར་ནས“དབོར་འདྲེན་པ”ཞིག་བྱེད་ཀྱི་ཡོད།

    གཞན་ཡང་། གྲོང་ཚོའི་མང་ཚོགས་ཁག་གཅིག་ཕྱི་ལ་ལས་ཀར་སྐྱོད་སྐབས་ལས་ཀའི་སྤ་སེ་བརླགས་པའི་རྐྱེན་གྱིས་གླ་ཆ་རག་མེད་པ་ཤེས་སྐབས། ལེ་ཨ་མེ་ཡིས་རང་འགུལ་ངང་ཟངས་རི་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པ་དང་འབྲེལ་གཏུག་ཡང་ཡང་བྱས་པ་བརྒྱུད། ལས་ཀར་འགྲོ་མཁན་མང་ཚོགས་ལ་གླ་ཆ་སྒོར་ཁྲི་1.7ལེན་རོཌ་བྱས་པ་དང་། གྲོང་མི་བདེ་སྐྱིད་པད་མ་བརྡབ་སྐྱོན་ཤོར་ནས་སྨན་ཁང་དུ་སྡོད་དགོས་བྱུང་བའི་གནས་ཚུལ་ཤེས་འཕྲལ། ཁོང་གིས་རང་ཉིད་ཀྱི་སྒོར་ཁྲི་5རང་ལས་མེད་པ་དེ་བཏོན་ནས་སྨན་རིན་སྤྲོད་རོགས་བྱས་པ་རེད།

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་ཁུར་ནས་ལོ་གཉིས་སོང་རིང་། ལེ་ཨ་མེ་ཡིས་གྲོང་ཚོར་དོན་དངོས་དང་བྱ་བཟང་མང་པོ་བསྒྲུབས་ཡོད། ཁོང་གིས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་ཡག་པོ་འཁུར་བས་མང་ཚོགས་ཁྲོད་ནས་བསྔགས་བརྗོད་བཟང་པོ་ཐོབ་ཡོད། གྲོང་ཚོ་དེའི་རྒན་རྒོན་པ་སངས་ཆོས་སྐྱིད་ཁྲག་ཤེད་མཐོ་པོ་ཡོད་པ་དང་། ལེ་ཨ་མེ་ཡིས་རྟག་ཏུ་རྒན་རྒོན་ལ་ཁྲག་ཤེད་ལྟ་བ་དང་སྨན་སྐྱེལ་རོགས་བྱེད་ཀྱི་ཡོད། རྒན་རྒོན་པ་སངས་ཆོས་སྐྱིད་ཀྱིས“ད་ཆ་གྲོང་མི་ཚང་མས་ཧྲུའུ་ཅིའི་རྗེས་སུ་འབྲངས་ནས་ལས་ཀ་བྱེད་ཀྱི་ཡོད། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད། ཧྲུའུ་ཅི་ལེ་ཨ་མེ་ཡིས་དེ་འདྲ་བའི་བྱ་བ་བཟང་པོ་མང་པོ་བསྒྲུབས་པས་མང་ཚོགས་ཀྱི་སེམས་ལ་བག་ཆགས་བཟང་པོ་བཞག་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།