ཁོང་དེ་སྔ་དབུལ་པོ་ཡིན་ཞིང་། མ་མཐའི་འཚོ་བའི་འགན་ལེན་ཁོ་ནར་བརྟེན་ནས་ལྟོ་གོས་འཕྱིད་ཐབས་བྱེད་པ་དང་། ལས་ལ་བརྩོན་ཞིང་དཀའ་སྤྱད་ལ་གཞོལ་བའི་སེམས་ཤུགས་ལ་བརྟེན་ནས་འབད་འཐབ་བྱས་པ་བརྒྱུད་འབྱོར་པ་ཅན་ཞིག་ཏུ་གྱུར།
གློ་བུར་དུ་བྱུང་བའི་རྐྱེན་ངན་ཞིག་གིས་ཁོང་སླར་ཡང་དབུལ་པོ་དབུལ་རྐྱང་དུ་གྱུར།
དཀའ་ངལ་གྱི་མདུན་དུ་ཁོང་ཡིད་ཐང་ཆད་ནས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ནས་བློས་གཏོང་བྱེད་པའི་བསམ་བློ་ཐེངས་མང་འཁོར། འོན་ཀྱང་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་རང་གི་ཕྲག་ཐོག་ཏུ་བབས་པས་ཁོང་གིས་དཀའ་ངལ་ལ་མ་འཛེམ་པར་ལས་གཏོད་ཧུར་ཐག་བྱས་པ་བརྒྱུད། མ་རྩ་སྒོར་ཁྲི་3500ཙམ་ལྡན་པའི་ཕྱུག་འགྱུར་འཇོན་ཐང་ཅན་དུ་གྱུར་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་སྤྱི་ཕན་ལས་ལ་དགའ་བའི་ཁེ་ལས་མཁན་ཅན་ཞིག་ཏུ་གྱུར། ཁོང་ནི་གཞིས་རྩེ་ཁྲོམ་ཆེན་འཛིན་ཆས་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་འཇམ་དབྱངས་རེད།
དགེ་ཕྲུག་ལོ་གཉིས་བྱས་རྗེས་སྒོར་ཁྲི་870བསགས་ཐུབ་པ་བྱུང་བ།
1983ལོར་འཇམ་དབྱངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་དུ་སྐྱེས། 2004ལོར་ཁྱིམ་ཚང་ལ་རྐྱེན་ངན་བར་ཆད་འཕྲད་ནས་ཁྱིམ་ཚང་གི་འགན་ཡོངས་རྫོགས་ལོ་21ལ་སླེབས་པའི་འཇམ་དབྱངས་ཀྱི་ཕྲག་ཐོག་ཏུ་བབས།
འཚོ་ཐབས་ཀྱི་ཆེད་དུ་འཇམ་དབྱངས་གཅིག་པུ་གཞིས་རྩེ་གྲོང་ཁྱེར་དུ་ཡོང་ནས་འཁོར་གསུམ་རྐང་འཁོར་གཏོང་བ་དང་ལས་ཀ་ཙག་ཙིག་མང་པོ་བྱས། དཀའ་ལས་ག་ཚོད་ཆེ་ཡང་ཡོང་འབབ་གསོག་ཐུབ་ཚེ་འཇམ་དབྱངས་ཀྱིས་ལས་ཀ་ཡག་སྡུག་གང་ཡང་བྱེད་ཀྱི་ཡོད།
དཀའ་སྡུག་ཆེ་བའི་ལོ་ཟླའི་ནང་འཇམ་དབྱངས་ཀྱི་བདེ་སྐྱིད་ཆེ་ཤོས་ནི་རང་གི་བཟའ་ཟླ་དང་ངོ་འཕྲད་བྱུང་བ་མ་ཟད། གཉེན་སྒྲིག་བྱས་ནས་ཕྲུ་གུ་ཡང་བཙས་པ་དེ་ཡིན། ཕྲུ་གུ་བཙས་རྗེས་འཇམ་དབྱངས་ཀྱི་ཕྲག་ཐོག་གི་ཁུར་པོ་སྔར་བས་ལྕི་རུ་ཕྱིན་ནས་ས་གནས་དེ་གའི་སྲིད་གཞུང་ལ་མ་མཐའི་འཚོ་བའི་འགན་ལེན་རེ་ཞུ་མི་བྱེད་ཀ་མེད་བྱུང་།
མ་མཐའི་འཚོ་བའི་འགན་ལེན་ལ་བརྟེན་རྒྱུ་ནི་ཡུན་རིང་འཚོ་བ་འཁྱོལ་ཐབས་བྱེད་པའི་ཇུས་ཤིག་མིན་པས། མིག་སྔའི་དཀའ་ངལ་གྱི་གནས་ལས་སྒྲོལ་དགོས་ན། ངེས་པར་དུ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་དགོས་པ་འཇམ་དབྱངས་ཀྱིས་གསལ་པོ་ཤེས་ཀྱི་ཡོད་མོད། འོན་ཀྱང་དེ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་ག་ལ་ཡིན།
འཇམ་དབྱངས་ཀྱི་བསམ་ཐོག་ལ་རྟ་རྒྱུག་པ་བཞིན་གོ་སྐབས་བཟང་པོ་རགས། གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད་འཇམ་དབྱངས་ལ་སི་ཁྲོན་ཁྲེང་ཏུའུ་ཡི་འཛིན་ཆས་བཟོ་གྲྭ་ཞིག་ཏུ་དགེ་ཕྲུག་བྱེད་པའི་གོ་སྐབས་ཐོབ། འོན་ཀྱང་ཟ་སྡོད་གཉིས་འགན་ལེན་བྱེད་པ་ལས་གླ་ཆ་སྐར་མ་གཅིག་ཀྱང་ལེན་རྒྱུ་མེད།
བསམ་བློ་ཡང་ཡང་བཏང་བ་དང་བཟའ་ཟླའི་ལྕག་སྐུལ་འོག་འཇམ་དབྱངས་ཀྱིས་སི་ཁྲོན་དུ་ལག་ཤེས་སྦྱོང་བར་འགྲོ་རྒྱུའི་སེམས་ཐག་བཅད།
ལོ་གཉིས་ལྷག་ཙམ་རིང་འཇམ་དབྱངས་ཀྱིས་འཛིན་ཆས་ལ་ཚོན་གཏོང་བ་དང་རྐོ་དཀྲོལ་གྱི་ལག་ཤེས་ཁོང་དུ་ཆུད། འཛིན་ཆས་བཟོ་གྲྭའི་སྦྱིན་བདག་གིས་ཀྱང་ཟླ་རེར་གླ་ཆ་སྒོར་4500སྤྲད་ནས་ཁོང་བཟོ་གྲྭར་ཡོང་ན་ཡག་པོ་ཡོད་ལུགས་སྐོར་བཤད།
གཞན་ཡུལ་འགྲིམ་པའི་ཕོ་གཞོན་ཁོང་གི་ཕ་ཡུལ་དྲན་པའི་སེམས་པ་འགོག་ཐབས་གཏན་ནས་མེད་པས། མཐར་འཇམ་དབྱངས་རང་གི་ལྟེ་ཁྲག་འཕོས་སའི་ཕ་ཡུལ་གཞིས་རྩེར་ལོག
ལག་རྩལ་ཁོང་དུ་ཆུད་པའི་འཇམ་དབྱངས་གཞིས་རྩེར་ལོག་མ་ཐག་འཛིན་ཆས་བཟོ་གྲྭ་ཞིག་གིས་གདན་དྲངས་ནས་ཟླ་རེར་གཏན་འཇགས་གླ་ཆ་སྒོར་4000ལྷག་ཙམ་སྤྲད།
ཕྲུ་གུ་གསུམ་པ་སྐྱེས་པ་དང་ཆབས་ཅིག་འཇམ་དབྱངས་ཁྱིམ་ཚང་གི་འཚོ་བར་ཡང་སྔར་བྱུང་མྱོང་མེད་པའི་གནོན་ཤུགས་འཕྲད། “རང་ཉིད་ལ་དབང་བའི་འཛིན་ཆས་བཟོ་གྲྭ་ཞིག་འཛུགས་པའི་འདུན་པ་སྔར་བས་ཇེ་ཆེར་སོང་ཡོད”
2009ལོར་འཇམ་དབྱངས་ཀྱིས་གསོག་དངུལ་སྒོར་5000བཏོན་པ་དང་གཉེན་ཉེ་དང་གྲོགས་པོའི་ས་ནས་སྒོར་20000གཡར་ཏེ་བཟོ་ཁང་ཆུང་ཆུང་ཞིག་བཙུགས།
སྐབས་དེ་དུས་ཤིང་ཆ་ཉོ་བ་ནས་འཛིན་ཆས་བཟོ་བའི་བར་གྱི་ལས་ཀ་ཚང་མ་འཇམ་དབྱངས་གཅིག་པུས་བྱེད་དགོས་པས་སྐབས་རེ་མཚན་གང་ལས་ཀ་བྱེད་དགོས་པ་ནི་ཨ་ཅང་བརྗོད་མེད་ཅིག་རེད།
མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ཉིན་མཚན་མང་པོ་དཀའ་བ་སྤྱད་པ་བརྒྱུད་ཚོང་བྲིན་ཁ་རྒྱུག་པོ་བྱུང་ནས། འཇམ་དབྱངས་ལ་ཁེ་བཟང་ཐོག་མ་རག་པ་སྟེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་9ལྷག་ཙམ་བྱུང་།
སྐབས་དེ་དུས་ཁོང་གིས་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གྲས་ནས་དོན་རྒྱུའི་སེམས་ཐག་བཅད།
2010ལོར་འཇམ་དབྱངས་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་མེ་ཏོག་རྐོ་དཀྲོལ་འཕྲུལ་འཁོར་ཐོག་མ་དེ་ཉོས། འཛིན་ཆས་སྟེང་བརྐོས་བརྒྱབ་པའི་མེ་ཏོག་ཧ་ཅང་མཛེས་པས་ཁོང་གིས་བཟོས་པའི་འཛིན་ཆས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད།
ལོ་ཕྱེད་ཁོ་ནར་ཁེ་སྤོགས་སྒོར་ཁྲི་50བྱུང་བ་དང་། ཐོན་སྐྱེད་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་2013ལོའི་ལོ་མཇུག་ཏུ་འཇམ་དབྱངས་ཀྱི་འཛིན་ཆས་བཟོ་གྲྭའི་གཉེར་སྐྱོང་ཡོང་འབབ་བསྡོམས་སྒོར་ཁྲི་870ཟིན་ཡོད།
གློ་བུར་དུ་རྐྱེན་ངན་བར་ཆད་འཕྲད། དཀའ་ངལ་གདོང་དུ་བསུས་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་སླར་ཡང་བཏོད་པ།
གནམ་གཤིས་ཀྱི་འགྱུར་ལྡོག་ལ་ངེས་པ་མེད། མི་ཚེར་སྐྱིད་སྡུག་འདྲ་མིན་སྣ་ཚོགས་འཕྲད་སྲིད། 2014ལོར་འགྲིམ་འགྲུལ་ལས་འཛོལ་ཞིག་ནས་འཇམ་དབྱངས་ཀྱི་བཟའ་ཟླ་ཞ་འཁུམས་སུ་གྱུར། བཟའ་ཟླར་སྨན་བཅོས་བྱ་ཆེད། འཇམ་དབྱངས་ཀྱིས་འཛིན་ཆས་ཚང་མ་བཙོངས་ནས་སྔ་རྗེས་སུ་སྨན་རིན་ཁྱོན་སྒོར་ཁྲི་300ལྷག་ཙམ་བཏང་། བྱ་གཞག་འགོ་ཚུགས་མ་ཐག་པའི་འཇམ་དབྱངས་ལ་མཚོན་ན་དེ་ནི་ཕོག་ཐུག་ཆེན་པོ་ཞིག་ཡིན་པ་སྨོས་མེད་རེད།
བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་རོགས་རམ་འོག་འཇམ་དབྱངས་ཀྱི་ནང་མི་ཁང་གླ་ཁེ་བའི་སྡོད་ཁང་ནང་སྤོས། སྐབས་དེ་དུས་འཇམ་དབྱངས་སླར་ཡང་དཀའ་སྡུག་གི་གནས་སུ་ལྷུང་ནས་ཟ་རི་ཟི་རིར་གྱུར། མལ་སར་ལུས་པའི་བཟའ་ཟླ་དང་ལོ་ན་ཕྲ་བའི་ཕྲུ་གུ་ཡིད་ལ་འཆར་སྐབས་འཇམ་དབྱངས་ཀྱི་སེམས་སུ་གྲི་བཙུགས་པ་ལྟར་ན་ཟུག་དྲག་པོས་ཁེངས།
གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ལས་དོན་མི་སྣའི་ལྕག་སྐུལ་དང་སྒྱུག་མོའི་རྒྱབ་སྐྱོར་འོག་འཇམ་དབྱངས་ཀྱིས་སླར་ཡང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འཛིན་ཆས་བཟོ་གྲྭ་བསྐྱར་དུ་གཉེར་འགོ་ཚུགས།
འཇམ་དབྱངས་ཀྱིས་བཟོས་པའི་འཛིན་ཆས་ཀྱི་སྤུས་ཀ་ལེགས་པ་དང་རིན་གོང་ལུགས་དང་མཐུན་པ་མ་ཟད། ཡ་ང་བའི་གནས་ཚུལ་འཕྲད་པ་མཐོང་འཕྲལ་སེམས་བཟང་ཅན་གྱི་འཛད་སྤྱོད་པ་མང་པོས་ཁོང་གི་ཚོང་ལ་ལྟ་རྟོག་བྱེད་ཀྱི་ཡོད།
ལོ་གཅིག་སོང་རྗེས་འཛིན་ཆས་བཟོ་གྲྭ་སླར་ཡང་འཕེལ་རྒྱས་བྱུང་ནས་བུ་ལོན་གཙང་འཇལ་ཐུབ་པ་མ་ཟད། ད་དུང་སྒོར་ཁྲི་370ཙམ་བསགས།
2017ལོར་འཇམ་དབྱངས་ཀྱིས་གཞིས་རྩེ་གྲོང་ཁྱེར་ཁྲོམ་ཆེན་འཛིན་ཆས་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སི་དངོས་སུ་ཐོ་འགོད་བྱས་ནས་བཙུགས་པ་དང་། 2019ལོའི་ལོ་མཇུག་བར་ཀུང་སིའི་ཁེ་གཙང་ཡོང་འབབ་སྒོར་ཁྲི་2500ཟིན་པ་དང་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་3500ཟིན་ཡོད།
ཏང་གི་བཀའ་དྲིན་ཡིད་ལ་བཅངས། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ།
ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་། འཇམ་དབྱངས་ཀྱིས་དཀའ་ངལ་འཕྲད་སྐབས་སྲིད་གཞུང་གིས་རོགས་རམ་གནང་བ་དང་ཡུལ་མི་སྤུན་ཟླ་ཚོས་རོགས་རམ་བྱས་པ་གཏན་ནས་བརྗེད་མེད། ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོཌ་ལ་དྲིན་ལན་འཇལ་འགོ་ཚུགས།
2020ལོའི་ལོ་འགོར་མེ་སྐྱོན་ཆེན་པོ་ཞིག་གིས་གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་སྡོད་མཁན་ནང་མི་གསུམ་ལ་འཚིག་རྨས་ཚབས་ཆེན་བྱུང་བ་དང་འཇམ་དབྱངས་ཀྱིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་དུ་སྒོར་ཁྲི་1བཏོན་ནས་ཁོང་ཚོར་སྨན་རིན་སྤྲོད་རོགས་བྱས།
ས་སྐྱ་རྫོང་གི་ལོ་22ལ་སླེབས་པའི་ལས་སྒུག་གཞོན་ནུ་དངོས་གྲུབ་ཁྱིམ་གྱི་འཚོ་བར་དཀའ་ངལ་ཡོད་པ་མ་ཟད་ལག་རྩལ་སྣ་གཅིག་ཀྱང་ཤེས་ཀྱི་མེད་པ་ཤེས་རྗེས་འཇམ་དབྱངས་ཀྱིས་རང་འགུལ་ངང་དངོས་གྲུབ་བཟོ་གྲྭའི་ལས་ཀར་བཅུག ད་ཆ་དངོས་གྲུབ་ཀྱིས་འཛིན་ཆས་ལ་ཚོན་གཏོང་བའི་ལག་རྩལ་སྤྱིར་ན་ཁོང་དུ་ཆུད་ནས་ཟླ་རེར་ཡོང་འབབ་སྒོར་5300ལེན་རྒྱུ་ཡོད།
ལོ་57ལ་སླེབས་པའི་ཉི་ཕུར་ལགས་ནི་དེ་སྔ་གཙང་སྦྲ་བྱེད་མཁན་ཞིག་ཡིན་པ་དང་། སློབ་ཆེན་སློབ་མ་གཉིས་སློབ་གྲྭར་གཏོང་བཞིན་ཡོད་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད། ལོ་ན་མཐོ་བའི་ལས་འཚོལ་བ་འཕྲད་སྐབས་འཇམ་དབྱངས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལས་ཀར་བཅུག་པ་མ་ཟད། ཟླ་རེར་གླ་ཆ་སྒོར་6000སྤྲད་ནས་ཉི་ཕུར་ལགས་དཀའ་གནད་ལས་སྒྲོལ་རོགས་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་འཇམ་དབྱངས་ཀྱི་འཛིན་ཆས་བཟོ་གྲྭས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་8དབུལ་ཞྭ་འབུད་རྒྱུར་སྣེ་ཁྲིད་བྱས་ཡོད།
མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ནས་འབྱོར་པ་ཅན་དུ་གྱུར། འཇམ་དབྱངས་ཀྱིས“ཏང་དང་སྲིད་གཞུང་གི་ཐུགས་ཁུར་ནི་ལམ་སྟོན་སྒྲོན་མེ་ཞིག་དང་འདྲ་བར་ང་ལ་ཁ་ཕྱོགས་བསྟན་བྱུང་། ངས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ང་ལ་ནུས་པ་ཡོད་པས། ངེས་པར་དུ་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུ་དང་། སུ་ཞིག་ལ་དཀའ་ངལ་ཡོད་ཚེ་ངས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན”ཞེས་བཤད།