འདི་ལོ་ལོ་32ལ་སླེབས་པའི་མགོན་པོ་ནི་ལྷུན་རྩེ་རྫོང་གཉལ་གཞུང་ཞིང་འབྲོག་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གི་ལས་བཟོ་ཡིན་ཞིང་། མཉམ་ལས་ཁང་དུ་ལས་ཞུགས་མ་བྱས་གོང་ཁོང་གི་གཟུགས་པོ་ཐང་པོ་མེད་པའི་རྐྱེན་གྱིས་ཕྱི་ལ་ལས་ཀར་འགྲོ་བའི་གོ་སྐབས་ཉུང་བས་སྐབས་ཤིག་རིང་སེམས་སྡུག་གིས་མནར་ནས་མི་ཚེར་སྙིང་པོ་མེད་པ་ལྟ་བུར་གྱུར།
2015ལོར་མགོན་པོ་དང་ཕ་མ་གཉིས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2095.51ཡིན་པ་དང་སྣོད་བཅུད་ཁ་གསབ་དང་། རྩྭ་རའི་ཁ་གསབ། དབང་པོ་སྐྱོན་ཅན་གྱི་ཁ་གསབ། རྒན་གསོའི་ཁ་གསབ་སོགས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཕུད་དཔལ་འབྱོར་གྱི་ཡོང་འབབ་གཞན་དག་ཧ་ལམ་ཉུང་ཉུང་རེད། “སྐབས་དེ་དུས་གཟུགས་པོ་ཡག་པོ་མེད་པའི་ཁར་ལག་རྩལ་ཡང་མེད་པས་ལས་ཀ་འཚམ་པོ་ཞིག་རག་ཁག་པོ་འདུག དཔལ་འབྱོར་གྱི་ཡོང་འབབ་མེད་པས་ནང་མི་ཚོའི་འཚོ་བ་ཁག་ཙམ་འདུག སྐབས་རེ་ཅ་ལག་ཉོ་དགོས་བསམ་ཀྱང་དངུལ་མེད་པས་བལྟས་ནས་སྡོད་རྒྱུ་ལས་མི་འདུག”ཅེས་མགོན་པོས་བཤད།
ཁོང་ཁྱིམ་གྱི་གནས་ཚུལ་ལ་གཞིགས་ནས་2016ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས།
ས་གནས་དེ་གའི་ཏང་དང་སྲིད་གཞུང་གི་རོགས་རམ་འོག་མགོན་པོ་ལྷུན་རྩེ་རྫོང་གཉལ་གཞུང་ཞིང་འབྲོག་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དུ་དགེ་ཕྲུག་བྱེད་པར་བཀོད་སྒྲིག་བྱས།
ལྷུན་རྩེ་རྫོང་གཉལ་གཞུང་ཞིང་འབྲོག་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་མཉམ་ལས་ཁང་ནི་ས་གནས་དེ་གའི་གླ་ཚེར་ནགས་ཚལ་གྱི་ཐོན་ཁུངས་ལ་བརྟེན་ནས་2014ལོར་འཕེལ་རྒྱས་བྱུང་བའི་མཉམ་སྡེབ་དཔལ་འབྱོར་ཞིག་རེད། “སྔོན་ཆད་བྱེ་འགོག་བྱེ་བཅོས་ཆེད་ང་ཚོས་གླ་ཚེར་མང་པོ་བཏབ་ཡོད། ད་ཆ་ཆེན་པོ་ཆགས་འདུག ཉེ་བའི་ལོ་ཤས་རིང་ང་ཚོས་འཆར་གཞི་ཡོད་པའི་སྒོ་ནས་གླ་ཚེར་ཁག་གཅིག་བཅད་དེ་མར་ཟོམ་དང་རྩམ་ཟོམ་སོགས་ཀྱི་ཐོན་རྫས་བཟོས་ཡོད། ད་ཆ་ང་ཚོའི་ཐོན་རྫས་ལྷོ་ཁར་བྲིན་པོ་ཡོད་པ་མ་ཟད། ཐོན་རྫས་མང་པོ་ཞིག་ལྷ་ས་དང་གཞིས་རྩེ་སོགས་སུ་འཚོང་གི་ཡོད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་བག་བྲོས་གསར་འགོད་པར་བཤད།
མཉམ་ལས་ཁང་དུ་མགོན་པོས་ཤིང་བཟོ་ཤེས་པ་མ་ཟད། ད་དུང་སེམས་ཤུཌ་ཀྱང་འཕེལ་ཏེ་ལག་རྩལ་དང་ཡིད་རྟོན་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་ཡིད་ཆེས་བརྟན་དུ་ཕྱིན་ཡོད། མགོན་པོས་གསར་འགོད་པར“ད་ཆ་ང་ནི་མཉམ་ལས་ཁང་གི་ལས་བཟོ་ངོ་མ་ཞིག་ཡིན། ཟླ་རེར་གཞི་རྩའི་གླ་ཕོགས་སྒོར་3000ཡོད་པ་ཕུད། ད་དུང་སྒོར་300ནས་སྒོར་500བར་གྱི་བྱ་དགའི་དངུལ་ལེན་རྒྱུ་ཡོད”ཅེས་བཤད།
དཔལ་འབྱོར་ཡོང་འབབ་བརྟན་པོ་བྱུང་རྗེས་2017ལོར་མགོན་པོའི་ཁྱིམ་གྱིས“དབུལ་ཞྭ”ཕུད་པ་མ་ཟད། འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད། “ད་ཆ་ཕ་མས་ས་ཞིང་འདེབས་པ་དང་། ངས་མཉམ་ལས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པས་ཟས་གོས་ལ་སེམས་ཁྲལ་མི་འདུག ད་ལྟ་ངའི་བསམ་འདུན་ཆེ་ཤོས་ནི་ལག་རྩལ་ཡག་པོ་སྦྱངས་ནས་ཐོན་རྫས་དེ་བས་ལེགས་པ་བཟོ་བ་དང་བྱ་དགའི་དངུལ་མང་ཙམ་བླངས་ནས་འཚོ་བ་སྐྱིད་པ་ཞིག་སྐྱེལ་རྒྱུ་དེ་ཡིན”ཞེས་མགོན་པོས་གསར་འགོད་པར་བཤད།