ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཞན་ཆ་མངོན་གསལ་དོད་ཤོས་ནི“ཞིང་གསུམ”ཁྱབ་ཁོངས་སུ་ཡོད། རང་ལྗོངས་ཀྱི་འབྲུ་རིགས་དང་། ཤ་དང་འོ་མ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གཙོ་བོར་ལོ་བསྟུད་མར་ཐོན་འབབ་ལེགས་པོ་བྱུང་བ་དང་སྦྲགས་ཐོན་འབོར་ཡང་ལོ་རེ་བཞིན་ཟིན་ཐོ་གསར་པ་གཏོད་ཡོད། ནས་ཀྱི་བདེ་འཇགས་རྦད་དེ་འགན་ལེན་བྱུང་བ་དང་། ཞིང་ལས་ཐོན་རྫས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ལོ་རྒྱུས་ཐོག་གི་ཆུ་ཚད་ཡག་ཤོས་སུ་སླེབས་པ། རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞིའི་རང་བཞིན་ཡིན་པའི་ཞིང་འབྲོག་ལས་ཀྱི་གནས་བབ་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། “ཞིང་གསུམ”གྱི་གནོན་རྡོའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད་མོད། འོན་ཀྱང་ཞན་ཆ་སྔར་བཞིན་མངོན་གསལ་དོད་པོ་ཡོད། ན་ནིང་འཚོགས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་སེལ་བའི་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་ཡོད་པའི“དམངས་ཕན་བྱ་ཐབས་ཁག་བཅུ”བཏོན་པ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ཁུངས་གཅིག་སྡུད་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས“ཞིང་གསུམ”གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བའི་བྱ་ཐབས་ནུས་ལྡན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་ཐོན་ཁུངས་གཅིག་སྡུད་དང་། འགན་ལེན་ལ་ཤུགས་སྣོན། གནད་སྨིན་ཇུས་བསྟར་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་ལམ་སྲོལ་བཟང་པོ་ཞིག་མགྱོགས་མྱུར་ཆགས་པར་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོ་རུ་བཏང་ནས“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་ཏན་ཏིག་སེལ་དགོས།
“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པར་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ལས་དོན་ཡག་པོ་སྒྲུབ་དགོས། བོད་ཀྱི་ཞིང་འབྲོག་ཐོན་ལས་ད་ལྟའི་བར་འཕེལ་རྒྱས་ཕྱིན་པར་གནས་ཚུལ་གསར་པ་དང་གོ་སྐབས་གསར་པ་རབ་དང་རིམ་པ་འཕྲད་ཡོད་པས། ངེས་པར་དུ་རགས་ལས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་མགྱོགས་མྱུར་བྱེད་དགོས། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ནས་དང་འབྲི་གཡག་གཙོས་པའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚད་གཞི་མཐོ་བའི་ཞིང་ཁ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། མཁོ་སྤྲོད་བྱེད་རྒྱ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོའི་ངང་འཕར་བ་དང་བྱ་རིགས་དང་། སྒོ་ང་། ཤ་རིགས། དཀར་ཆུ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་སྤྲོད་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་ཐོན་རྫས་ཀྱི་འབོར་གྲངས་མང་དུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་ལ་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཡང་མཐོང་ཆེན་བྱེད་དགོས། བོད་ཀྱི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རིང་ལྷག་པའི་ཞན་ཆར་དམིགས་ནས་ཐོན་ལས་འཕེལ་རྒྱས་ལ་གནད་སྨིན་འཆར་འགོད་བྱེད་པ་དང་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཚན་རྩལ་འདུས་ཚད་མཐོ་པོ་མེད་པ་དང་ཞིང་འབྲོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཐོན་ལས་ཅན་དང་། འཕྲུལ་ཆས་ཅན། གཞི་ཁྱོན་ཅན། ཚན་རྩལ་ཅན། མཉམ་ལས་ཅན་བཅས་ལ་དམ་པོར་བརྟེན་ནས་བོད་ཀྱི་ཞིང་འབྲོག་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།
“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པར་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་རྒྱུ་ནི་བོད་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པར་སྐབས་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩ་ཞིག་ཀྱང་ཡིན། མཇུག་བསྡུའི་ལོར་ངེས་པར་དུ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་མིག་སྔའི་འབབ་འཕར་བྱ་ཡུལ་ལ་དམིགས་པ་དང་འབྱུང་འགྱུར་གྱི་གཏིང་ཤུགས་ཡག་པོ་འཚོལ་བ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། གནད་སྨིན་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འདེབས་གསོའི་ལས་རིགས་ཀྱི་གཞི་རྩའི་ཁེ་ཕན་འགན་ལེན་བྱེད་པ། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ། ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་སྒོ་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ། 13%གྱི་འབབ་འཕར་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས།
“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པར་ངེས་པར་དུ་གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱེད་དགོས། བོད་ཀྱི་ལོ་རྒྱུས་འཕེལ་རིམ་དང་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམིགས་ནས་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ཏེ་གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་། ཆུ་མཁོ་འདོན་འགན་ལེན། སྡོད་མལ་ཁོར་ཡུག སློབ་གསོ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། སྤྱི་ཚོགས་འགན་སྲུང་། སྤྱི་པའི་རིག་གནས་ཞབས་ཞུ། སྣོད་བཅུད་ཁོར་ཡུག་ཞབས་ཞུ་སོགས་ཐད་ཀྱི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་མཐའ་གཅིག་ཏུ་གསབ་པ་དང་། ཐོན་སྐྱེད་དང་འཚོ་བ་སོགས་ཐད་ཀྱི་མཁྲེགས་ཆས་ཀྱི་ཞན་ཆ་གསབ་པ། སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་མཉེན་ཆས་ཀྱི་ཞན་ཆ་ཡང་གསབ་དགོས། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་སྔར་བས་བརྟན་པོ་གསབ་པ་དང་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོ་རུ་བཏང་སྟེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་ཏན་ཏིག་གཏོང་དགོས།
“ཞིང་གསུམ”རྨང་གཞི་བརྟན་དགོས་ན། ཕན་འབྲས་དོན་གཉེར་ལས་ལ་གཞོལ། དབུལ་སྒྲོལ་གྱི་སྤུས་ཚད་ཅི་འདྲ་ཡོད་མེད་དང་། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཇི་ལྟ་བུ་ཡོད་མེད་དེ“ཞིང་གསུམ”ལས་དོན་གྱིས་བརྡར་ཤ་གཅོད་ཐུབ། ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ལ། ཕུགས་ཀྱི་ཇུས་གཞི་ཡག་པོ་བཏིངས་ནས “ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་ཏན་ཏིག་གསབ་དགོས། དེ་ལྟར་བྱས་ཚེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་གཞི་ནས་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པ་དང་། གཞི་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་མཇུག་ཕུན་སུམ་ཚོགས་པོས་བསྡུ་ཐུབ།