བློ་བསྟན་ནི་སྤྱང་གྲུང་དོད་ཅིང་བསམ་ཕོད་ལ་བྱེད་ཕོད་པའི་མི་ཞིག་རེད། 2016ལོར་ལྷུན་རྩེ་རྫོང་རི་རོང་ཤང་མཚེ་སྨད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་རྒྱབ་སྐྱོར་འོག་ཁོང་གིས་སྣེ་ཁྲིད་དེ་མཚེ་སྨད་གྲོང་ཚོའི་ཞིང་འབྲོག་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་པ་རེད།
བློ་བསྟན་གྱིས“ཞིང་པས་ནས་བཏབ་པ་དང་། བཞོན་མ་གསོས་ནས་འོ་མ་ཐོན་སྐྱེད་བྱེད་ཀྱི་ཡོད་མོད། འོན་ཀྱང་ཕྱིར་ཚོང་གི་ཐབས་ལམ་ཡག་པོ་མེད་པ་དང་མང་ཆེ་བ་རང་སོ་སོས་བེད་སྤྱོད་གཏོང་གི་ཡོད”“བྲིན་ཁ་རྒྱུག་པོ་མེད་ན་དཔལ་འབྱོར་གྱི་ཡོང་འབབ་མེད་ལ་ཕྱུག་པོ་ཡང་ཆགས་མི་ཐུབ། མཉམ་ལས་ཁང་ནི་མང་ཚོགས་ཀྱི‘ངོ་ཚབ་པ’ཡིན་པས། ཞིང་འབྲོག་མང་ཚོགས་ཀྱིས་ཐོན་སྐྱེད་བྱས་པའི་སྒོ་ཕྱུགས་ཀྱི་ཐོན་རྫས་དེ་ཁྱད་ལྡན་ཐོན་རྫས་སུ་ལས་སྣོན་བྱེད་པ་མ་ཟད། དེ་དག་བཙོངས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་གི་ཡོད”ཅེས་བཤད།
མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་གཏོང་བར་རོགས་རམ་བྱ་ཆེད། 2017ལོར་ལྷུན་རྩེ་རྫོང་གིས་རྫོང་གྲོང་གི་ས་ཆ་ཡག་ས་ཞིག་ནས་མཉམ་ལས་ཁང་དེར་ཚོང་ཁང་གསུམ་སྤྲད་པ་རེད། ས་གནས་དེ་གའི་སྲིད་གཞུང་གིས་མཉམ་ལས་ཁང་ལ་ཚོང་ཁང་སྤྲད་པར་བརྟེན་ནས་བློ་བསྟན་གྱིས་ལྷུན་རྩེ་རྫོང་ཨོ་ལོའི་ཁྱད་ལྡན་ཐོན་རྫས་ཕྱོགས་བསྡུས་ཕྱིར་ཚོང་ཚད་ཡོད་ཀུང་སི་བཙུགས།
ཀུང་སི་བཙུགས་རྗེས་ཕྱིར་ཚོང་ཡོང་འབབ་མང་དུ་ཞེ་དྲག་ཕྱིན་ཡོད། རང་ཉིད་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་ཀུང་སི་དེས་ད་དུང་ལྷུན་རྩེ་རྫོང་གི་མཉམ་ལས་ཁང་གཞན་དག་གི་འཕེལ་རྒྱས་ལ་རོགས་རམ་བྱས་པ་རེད། མིག་སྔར་ལྷུན་རྩེ་རྫོང་ཨོ་ལོ་ཁྱད་ལྡན་ཐོན་རྫས་ཕྱོགས་བསྡུས་ཕྱིར་ཚོང་ཚད་ཡོད་ཀུང་སི་ནི་ལྷུན་རྩེ་རྫོང་རྩ་རི་ཤང་དང་། རི་རོང་ཤང་། བྱ་ཡུལ་ཤང་སོགས་མཉམ་ལས་ཁང་8ཀྱི་ཕྱིར་ཚོང་ལས་ཚབ་ཚོང་པ་ཡིན་པ་དང་ཁྱད་ལྡན་ཐོན་རྫས་སྣ་ཁ་40ཙམ་ཕྱིར་ཚོང་བྱེད་ཀྱི་ཡོད། “ང་ཚོས་ནས་ནག་རྩམ་པ་དང་། ནས་དཀར་རྩམ་པ། སྲན་ཞིབ། སུར་པན་སོགས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁར་མཉམ་ལས་ཁང་གཞན་དག་ལ་སྒོར་ཁྲི་40ལྷག་ཙམ་རི་བའི་ཁྱད་ལྡན་ཐོན་རྫས་འཚོང་རོགས་བྱས་པར་རིམ་རྩིས་བྱས་ན་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་158.96ཟིན་པ་དང་ཁེ་གཙང་ཡོང་འབབ་སྒོར་ཁྲི་79བྱུང”ཞེས་བློ་བསྟན་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།
མིག་སྔའི་བར་ཀུང་སི་དེས་རིམ་རྩིས་བྱས་ན་མཐའ་འཁོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་89ལ་སྒོར་ཁྲི་7བགོ་བཤའ་བརྒྱབ་པ་དང་། མི་7ལས་ཀར་བཅུག་པས་མི་རེར་ཆ་སྙོམས་ཟླ་རེར་འབབ་འཕར་སྒོར་2500བྱུང་ཡོད།