ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་ལྔ་པ་རེད། འདི་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས”ཞེས་པ་དེ་རེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་དང་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཡོད།
ཚེས་15ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱི་སྲིད་ཁྲིམས་ཚན་པ་ཁག་གིས་གཅིག་སྡུད་ཐོག“རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་དྲིལ་བསྒྲགས་ཀྱི་ཁྲོམ་གཞུང་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་བ་རེད།
ཚེས་14ཉིན་གྱི་སྔ་དྲོར། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ་རེད། འཆད་ཁྲིད་ཐོག་ཞི་མཐུན་དང་། ཤེས་དཔལ། བདེ་སྐྱིད། མཛེས་སྡུག་ལྡན་པ་བཅས་ཀྱི་གཞིས་རྩེ་བསྐྲུན་རྒྱུའི་མཐོ་ཚད་ཐོག་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལས་འགན་རྒྱས་བཤད་བྱས་ཤིང་། དེའི་དམིགས་ཡུལ་ནི་གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ཐོག་ནས་བདེ་འཇགས་བརྟན་ལྷིང་ཡོང་བ་དང་བྱ་སྤྱོད་ཐོག་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱ་རྒྱུ་དང་རྒྱལ་ཁབ་ས་ཆ་བདེ་འཇགས་ཡོང་བར་བྱས་ནས་གཞིས་རྩེ་རྦད་དེ་བདེ་འཇགས་ཡོང་བའི་ཟངས་གྱང་ལྕགས་རྩིག་བསྐྲུན་པ། སྣོད་བཅུད་བདེ་འཇགས་ཡོང་བ་བྱས་ནས་གཞིས་རྩེའི་གནམ་སྔོ་ས་ལྗང་ཡོང་བའི་འགན་ལེན་བྱེད་པ། སྤྱི་ཚོགས་བདེ་འཇགས་ཀྱི་སྟོན་གྲངས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཆེ་རུ་འགྲོ་བ་བཅས་བྱ་ཆེད་རེད།
ཚེས་15ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་དུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྡེ་ཚན་20ཡིས་ཆབ་མདོ་གྲོང་ཁྱེར་གྱི་བཅིངས་འགྲོལ་ཐང་ཆེན་དང་། ཇ་རྟའི་ཐང་ཆེན། གྲོང་ཁྱེར་ལུས་རྩལ་རིག་གནས་བྱེད་སྒོ་ལྟེ་གནས་སོགས་སུ་དྲིལ་བསྒྲགས་ས་ཚིགས་བཙུགས་ཏེ་འབྲེལ་ཡོད་བྱེད་སྒོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་རེད། ཆབ་མདོ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣ་ཧྲི་ཧྲེ་ཅེས་ངོ་སྤྲོད་བྱས་པར། ད་ཐེངས་ཀྱི་བྱེད་སྒོར་ཆབ་མདོ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་350ལྷག་ཙམ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་རྒྱུན་ཤེས་ཀློག་དེབ་260ལྷག་ཙམ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལག་རྟགས་ཆུང་ངུ་320ལྷག་ཙམ། བོད་རྒྱ་སྐད་གཉིས་བཀོད་པའི་ཏག་སེ་40ལྷག་ཙམ་བཅས་གཤམ་སྤྲོད་བྱས་པ་དང་མི་ཐེངས་12ཀྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པར་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
ཚེས་15ཉིན་ལྷོ་ཁ་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། ལྷོ་ཁ་གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་དང་ལྷོ་ཁ་གྲོང་ཁྱེར་རྒྱག་ཁབ་བདེ་འཇགས་ཅུས་སོགས་ཚན་པ་10ཡིས་འཕྲེད་འགེལ་ཡི་གེ་བཀལ་བ་དང་། འགྲེམས་པང་སྐོར་འགྲེམ་བྱས་པ། ས་གནས་ས་ཐོག་ཏུ་བློ་འདྲི་དང་དྲིལ་བསྒྲགས་དཔྱད་ཡིག་གཤམ་སྤྲོད་སོགས་ཀྱི་ཐབས་ལམ་ཐོག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ《རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》དང་། 《གསང་མྱུལ་ལ་འགོག་རྒོལ་བྱེད་པའི་བཅའ་ཁྲིམས》 《གསང་ཨང་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་བདེ་འཇགས་སློབ་གསོ་མི་སེམས་སུ་ཟུག་པ་དང་བདེ་འཇགས་འདུ་ཤེས་ཡིད་ལ་འཇགས་པར་བྱས་པ་རེད།
ཚེས་15ཉིན་བོད་དམག་ཁུལ་ཁང་ཡུལ་སྨད་མཐའ་སྲུང་སོ་ལྟ་ཁང་གིས་ཡུལ་སྨད་ཤང་སྲིད་གཞུང་དང་མཉམ་དུ“རྒྱལ་དར་མཉམ་དུ་སྒྲེང་། ཁྱིམ་གཞིས་མཉམ་དུ་སྲུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། དམག་དམངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཐུན་མོང་ཐོག་ཟབ་ཏུ་བཏང་བ་རེད། ཉིན་དེར་ཡུལ་སྨད་ཤང་གི་མི་སེར་དང་དེ་བཞིན་ཡུལ་སྨད་སློབ་ཆུང་གི་སློབ་མ་བོད་དམག་ཁུལ་ཁང་ཡུལ་སྨད་མཐའ་སྲུང་སོ་ལྟ་ཁང་གི་སྒར་ཁུལ་དུ་བསྐྱོད་དེ་དཔོན་དམག་ཚོ་དང་མཉམ་དུ་རྒྱལ་དར་བསྒྲེངས་ནས་སྒར་ཁུལ་གྱི་འཚོ་བ་མྱོང་ལེན་བྱེད་པ་སོགས་ཀྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་འབྲེལ། མཉམ་དུ《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་སློབ་གསོའི་དྲིལ་བསྒྲགས་པར་གཞི་བལྟས་ནས་ས་གནས་དེ་གའི་མཐའ་མཚམས་མི་དམངས་ཀྱི་རྒྱལ་གཅེས་འདུ་ཤེས་དང་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་བ་རེད།