དབུ་ཤོག>ཆེད་སྒྲིག
  • ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-04-16

    ལེ་ཚན་གཏོད་པའི་གཏམ།

    འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཡིན། འདི་ག་ཚགས་པར་ཁང་གི་གསར་འགོད་པ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོ་དང་དུད་ཚང་དབུལ་པོའི་ཁྱིམ་དུ་བསྐྱོད་ནས་གནས་སྡོད་བརྟག་ཞིབ་དང་བཅར་འདྲི་དང་། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་མི་སེམས་འགུལ་བའི་བྱས་རྗེས་དང་དགའ་འོས་པའི་གྲུབ་འབྲས་སྔོག་འདོན། རང་ལྗོངས་ཀྱིས་གང་འདྲ་བྱས་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཚུལ་འདྲི་རྟོགས་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་རམ་འདེགས་བྱས་ཡོད། དེ་རིང་ནས་བཟུང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱིས“དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད”ཅེས་པའི་ལེ་ཚན་བཏོད་དེ་མདུན་ཕྱོགས་ཀྱི་གསར་འགོད་པས་བཏང་བའི་གནས་ཚུལ་རིམ་བཞིན་སྤེལ་གཏོང་བྱ་རྒྱུ་ཡིན་པས་ཚང་མས་དོ་སྣང་ཡོད་པ་ཞུ།

    སྔར་ནས་ད་བར་འབྱོར་འབྲིང་ནི་མི་སེར་ཚོ་ཟས་གོས་གཉིས་འཛོམས་དང་། བདེ་སྡོད་ལས་བརྩོན། མཛེས་སྡུག་ལྡན་པའི་འཚོ་བ་བཅས་དོན་གཉེར་བྱེད་པའི་མཚོན་རྟགས་ཤིག་ཡིན།

    དུད་ཚང་ཁྲི་3.46གི་མི་ཁྲི་17.05ནི་2015ལོར་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱིས་དབྱེ་འབྱེད་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཡིན། དབུལ་པོ་ཐོན་ཚད་24.95%ཟིན་པ་དེ་ལྗོངས་ཡོངས་ཀྱི་ངོས་ནས་བརྗོད་ན། དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་པོ་ཚབས་ཆེ་ཤོས། དབུལ་སྒྲོལ་དཀའ་གནད་ཆེ་ཤོས་བཅས་ཀྱི་ས་ཁོངས་གྲས་ཤིག་ཡིན།

    རྫོང(ཆུས)11གིས་དབུལ་ཞྭ་ཕུད་ནས་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་ཁྲི་3.84དང་མི་གྲངས་དབུལ་པོ་ཁྲི་19.3ཉུང་དུ་སོང་བ་དང་། གྲོང་ཚོ་དབུལ་པོ་1127དབུལ་ཁོངས་ནས་འཐེན་པ། གྲོང་ཁྱེར་ཡོངས་སུ་དབུལ་པོ་ཐོན་ཚད་0.02%བར་ཆག་པ་བཅས་ནི་2019ལོའི་ལོ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཤིག་རེད།

    ཐོན་ལས་སྐྱེད་སྲིང་གིས་རང་བརྟེན་ནུས་པ་ཆེ་རུ་བཏང་བ།

    ཟླ་བཞི་པའི་ཚྭ་ཁ་ལྷོར་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བ་དང་དགུན་ཁའི་རིང་སྐམ་པའི་རྒུན་འབྲུམ་འཁྲི་ཤིང་ཐོག་སླར་ཡང་མྱུ་གུ་གསར་པ་འབུས་ཤིང་།

    སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོའི་གྲོང་མི་བསོད་ནམས་ཆོས་འཛོམས་ཀྱིས་རང་ཁྱིམ་གྱི་རྒུན་འབྲུམ་ལྡུམ་རའི་ནང་བསྐམས་ཟིན་པའི་རྒུན་འབྲུམ་གྱི་ཡལ་ག་གཅོད་པ་དང་། ས་སློག་རྒྱག་པ། ཆུ་རྒྱག་པ་སོགས་ལ་བྲེལ་བཞིན་ཡོད།

    ལོ་ཤས་རིང་བསོད་ནམས་ཆོས་འཛོམས་ཁྱིམ་གྱི་རྒུན་འབྲུམ་ཐོན་འབབ་ལོ་རེ་བཞིན་མང་དུ་སོང་ནས་2019ལོར་རྒྱ་མ་ཁྲི་1ལས་བརྒལ་ཡོད། “ངས་བོད་ཤར་མཆོག་ནོར་ཨ་རག་ཚད་ཡོད་ཀུང་སིར་རྒུན་འབྲུམ་རྒྱ་མ་སྟོང་ཕྲག་ཁ་ཤས་བཙོངས་པ་ཡིན། དེ་བྱིངས་ཀྱི་ལྷག་མ་རྣམས་རྒུན་འབྲུམ་ཨ་རག་བསྙལ་བ་ཡིན། ཚོད་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་འདུག”ཅེས་ཁོང་གིས་བརྗོད།

    རྒུན་འབྲུམ་ཐོན་ལས་ནི་སྨར་ཁམས་རྫོང་གིས་ཆབ་མདོ་གྲོང་ཁྱེར་གྱི“གསོ་ཚགས་རྟེན་གཞི་ཆེ་གྲས་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེ་གྲས་བདུན”འཛུགས་སྐྲུན་གྱི་སྤྱིའི་བཀོད་ཇུས་དང་ཟུང་འབྲེལ་བྱས་ནས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བའི་དབུལ་སྐྱོར་ཐོན་ལས་ཤིག་ཡིན་ཞིང་། 2019ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་རྒུན་འབྲུམ་འདེབས་ཁྱོན་མུའུ་ཁྲི་1.17ཟིན་པ་དང་། རྒུན་འབྲུམ་ཐོན་འབབ་ཏུན་ཁྲི་1.17ཟིན་པ། ལོར་རྒུན་འབྲུམ་ཨ་རག་ཏུན་2000ལྷག་ཙམ་ཐོན་པ། རྒུན་འབྲུམ་ལས་སྣོན་གྱི་ཐོན་འབབ་སྔོན་དཔག་བྱས་ན་སྒོར་ཁྲི་7000ལྷག་ཙམ་ཟིན་ཡོད། དེ་ལས་འདེབས་འཛུགས་དུད་ཚང་1459ཡི་མི་9210ལ་ཕན་པ་ཐོབ་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4200བྱུང་ཡོད།

    གོ་འཇོ་རྫོང་གི་ལུག་རྒྱུད་ཡག་ཤོས་ཡིན་པའི་ཨ་དབང་ལུག་དེ་རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་དབུལ་སྒྲོལ་འབབ་འཕར་གྱི་ཐབས་ལམ་གསར་པར་གྱུར་ཡོད།

    2015ལོ་ཚུན། གོ་འཇོ་རྫོང་གིས་སྔོན་ཐོན་གྱི་གསོ་ཚགས་ལག་རྩལ་ནང་འདྲེན་བྱས་ཏེ་ཨ་དབང་ལུག་གསོ་སྤེལ་མ་ལག་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱུད་བཟང་སྲུང་སྐྱོང་དང་རྒྱུད་བཟང་གསོ་སྤེལ་ལས་དོན་ཡག་པོ་སྒྲུབ་པ། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་པ་བཅས་ལ་བརྟེན་ནས་ཨ་དབང་ལུག་ཐོན་སྐྱེད་རིམ་བཞིན་ས་ཁོངས་ཅན་གྱི་བཀོད་པ་དང་། ཆེད་ལས་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་གཉེར་སྐྱོང་བཅས་ལ་སྐུལ་འདེད་བཏང་ཡོད་ལ། རྫོང་ཡོངས་ཀྱི་འབྲོག་པ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད།

    ཨ་དབང་ཤང་རྣ་ཡུལ་གྲོང་ཚོའི་འགྱུར་མེད་ཡེ་ཤེས་ནི་ཕན་པ་ཐོབ་མཁན་དུད་ཚང་གི་གྲས་ཤིག་རེད།

    དེ་གོང་འགྱུར་མེད་ཡེ་ཤེས་ལ་ལག་རྩལ་མེད་པ་དང་སྒོ་ཕྱུགས་མེད་པའི་དབང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད། 2018ལོའི་ཟླ་10པར་ཨ་དབང་ཤང་གིས་ཁོང་ལ་ལུག་50དང་མཛོ་མོ་5སྤྲད་པ། དེའི་ནང་ལུག་ཁ་གང་20(མ་མོ་13ཡོད་པ)དང་ལུ་གུ་30ཚུད་ཡོད། 2019ལོའི་ལོ་མཇུག་བར་འགྱུར་མེད་ཡེ་ཤེས་ཀྱི་མ་མོར་ལུ་གུ་10བཙས་པ་རེད། གཏན་འབེབས་གཞིར་བཟུང་ཁོང་གིས་ལུག་ཁ་གང་5བཙོངས་པར་དངུལ་སྨར་ཡོང་འབབ་སྒོར་ཁྲི་1.25བྱུང་ཡོད།

    མིག་སྔའི་བར་གོ་འཇོ་རྫོང་གིས་སྔ་རྗེས་སུ་སྒོར་ཁྲི་2625.69བཏང་ནས་དུད་ཚང་དབུལ་པོ་853ལ་ཨ་དབང་ལུག་15569སྤྲད་པ་རེད། བྱ་ཐབས་དེས་དབུལ་སྒྲོལ་འབབ་འཕར་བྱེད་འདོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རེ་བ་སྦྱིན་ཡོད་ལ། ཁོང་ཚོའི་ནང་སྐྱེས་ཀྱི་རང་བརྟེན་ནུས་ཤུགས་ཀྱང་འཕེལ་ཡོད།

    སྡོད་ཁང་གསར་པར་སྤོས་པ་དང་གོང་འཕེལ་མྱུར་པོ་བྱུང་བ།

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་སྐྱིད་གྲོང་གསར་ཁུལ་ཆུང་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་ཞིག་ཡིན་པ་དང་། ཁུལ་ཆུང་དུ་མཛེས་ཤིང་ཉམས་དགའ་བའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་སྟར་པ་མུ་འབྲེལ་དུ་ཡོད་པ་རེད།

    ཚེ་རིང་དབང་ཕྱུག་ཁྱིམ་ནི་2019ལོའི་ཟླ་12པའི་ཟླ་དཀྱིལ་དུ་གོ་འཇོ་རྫོང་འབུམ་སྐྱེས་ཤང་གླང་ཉག་སྨད་གྲོང་ཚོ་ནས་སྤོས་ཡོང་བ་ཞིག་རེད། ཁང་པ་གསར་པར་པང་གཅལ་བཏིང་བ་དང་། འགྲུལ་ཁང་དུ་བོད་བཟོའི་ཁྱིམ་ཆས་དང་བརྙན་འཕྲིན། ཐབ་ཚང་དུ་འཁྱག་སྒམ་དང་རླངས་ཐབ་སོགས་གང་དགོས་ཅི་འཛོམ་ཡོད་ཅིང་། འཁྲུད་ཁང་དུ་ད་དུང་རང་འགུལ་གོས་འཁྲུད་འཕྲུལ་ཆས་ཀྱང་ཡོད།

    “ཕྲུ་གུ་ཐག་ཉེ་སར་སློབ་གྲྭར་འགྲོ་ཐུབ་པ་དང་། ང་རང་ལའང་སྲིད་གཞུང་གི་རོགས་རམ་འོག་ལས་ཀ་རག་བྱུང”ཞེས་ཚེ་རིང་དབང་ཕྱུག་གིས་གསར་འགོད་པར་བརྗོད།

    མིག་སྔར། གོ་འཇོ་རྫོང་ས་ངན་གྲོང་ཁྱེར་བརྒལ་ནས་གནས་སྤོས་ཧྲིལ་པོ་ཁག་19དང་ཐེངས་27དང་དུད་ཚང་947གྱི་མི་5815ལྷ་ས་དང་ཉིང་ཁྲི་སོགས་ཀྱི་ས་ཆར་བདེ་བླག་ངང་གནས་སྤོས་ཐུབ་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    དཔའ་ཤོད་རྫོང་སྐྱ་རི་ཤང་དང་། ཡངས་པ་ཤང་། ཝ་ཤང་བཅས་ལ“སྐྱ་རི་ཤང་གསུམ”ཟེར་སྲོལ་ཡོད། ཤང་གསུམ་པོ་དེ་རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་ཀྱི་རོང་སར་གནས་པར་བརྟེན། ཐོན་སྐྱེད་རྒྱུ་ཆ་དཀོན་པ་དང་རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་ཁར་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་པོ་མེད། དེར་བརྟེན། དཔའ་ཤོད་རྫོང་གིས་ཤང་ཡོངས་གནས་སྤོས་བྱས་ཏེ་མང་ཚོགས་དབུལ་སྒྲོལ་བྱེད་རོགས་བྱས་པ་རེད།

    བློ་བཟང་ཕུན་ཚོགས་ནི་སྐྱ་རི་ཤང་རྒྱས་བཀྲ་གྲོང་ཚོ་ནས་ཡིན། 2018ལོའི་ཟླ་10པར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་གནས་རབ་གྲོང་ཚོའི་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད།“དེ་སྔོན་གྱི་ཁང་པ་ནི་ཐོག་སོ་གཉིས་ཡོད་པའི་ས་ཁང་ཡིན་ལ་ཐིགས་པ་དང་ལྷགས་པ་ཁོགས་ཀྱི་མེད། སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལ་བརྟེན་ནས་ད་ཆ་ང་ཚོ་འདི་གར་སྤོ་ཐུབ་པ་བྱུང་། གླ་པ་རྒྱུག་པ་དང་ཚོང་ཁང་གཉེར་བ་སོགས་གང་ས་ཅི་ཐད་ནས་སྟབས་བདེ་པོ་འདུག་ལ་འཚོ་བ་ཡང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་འདུག”ཅེས་བློ་བཟང་ཕུན་ཚོགས་ཀྱིས་བརྗོད།

    ལས་ཞུགས་བརྟན་དུ་བཏང་ནས་འབབ་འཕར་ལ་སྐུལ་མ་བཏང་བ།

    “བྱེད་སྟངས་ཐབས་ཆག་དོར་ནས་ཐབས་མང་མཉམ་སྤྱོད་བྱེད་པ་དང་། སྲིད་ཇུས་ཁོ་ནར་མ་བརྟེན་པར་རང་ཁ་རང་གསོར་ལྕག་སྐུལ་བྱེད་པ”ནི་བྲག་གཡབ་རྫོང་གི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་གཞི་རྩའི་བསམ་ཕྱོགས་རེད།

    བློ་འཕེལ་ནི་བྲག་གཡབ་རྫོང་ཤིང་དཀའ་ཤང་སྣེ་འཕག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ལ་ཁོང་གི་དབུལ་སྒྲོལ་ལམ་བུར་དཀའ་ཚེགས་མང་པོ་འཕྲད།

    ཁོང་རང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་ཚུན། བློ་འཕེལ་ནང་མི་ཚང་མས་སྣོད་བཅུད་ལས་གནས་དང་། ཁ་གསབ་རོགས་སྐྱོར། སོན་བཟང་ཁ་གསབ་སོགས་དམངས་ཕན་སྲིད་ཇུས་ཁག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དུས་མཚུངས་སུ་བཟའ་ཚོ་གཉིས་ཀྱིས་ཞིང་དལ་རིང་ལས་ཡུལ་དུ་གླ་པ་བརྒྱུགས་པས་ཁྱིམ་ཚང་གི་ཡོང་འབབ་ཀྱང་མང་དུ་སོང་སྟེ་འཚོ་བའི་ཆ་རྐྱེན་ཡག་ཏུ་ཕྱིན་ཡོད།

    ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར། 2018ལོར་ཆུང་མ་ཚེ་ལས་འདས་པ་རེད། ད་དུང་དབུལ་པོའི་གནས་ལས་གྲོལ་མེད་པ་དང་འབྱོར་པ་ཞན་པའི་དུད་ཁྱིམ་དེ་དཀའ་སྡུག་གི་གནས་སུ་གྱར། མ་གཞི་སྡུག་བསྔལ་གྱི་གནས་སུ་ཚུད་པ་དང་རེ་ཐག་ཀྱང་ཆད་ནའང་། སློབ་ཆུང་དུ་འགྲོ་བཞིན་པའི་བུ་མོ་གསུམ་མཐོང་སྐབས་བློ་འཕེལ་གྱིས་སླར་ཡང་ངར་ཤུགས་བསྒྲིམས་པ་རེད།

    སྣེ་འཕག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་རོགས་རམ་འོག་བློ་འཕེལ་ལ་ཤིང་དཀའ་ཤང་འདེབས་འཛུགས་མཉམ་ལས་ཁང་དུ་ལས་ཀ་བརྟན་པོ་ཞིག་རག་ནས་ལོ་གཅིག་གི་རིང་ཡོང་འབབ་སྒོར་ཁྲི་2ལྷག་རག་ཡོད། 2015ལོར་ཆ་སྙོམས་མི་རེའི་ཡོང་འབབ་སྒོར་2300མ་ཟིན་པ་ནས་ད་ཆ་ཆ་སྙོམས་མི་རེའི་ཡོང་འབབ་སྒོར་6900བར་འཕར་ཡོད། བློ་འཕེལ་གྱིས་བཀའ་དྲིན་ཚོར་བའི་ངང“ཏང་དང་རྒྱལ་ཁབ་ཀྱིས་བཏོན་པའི་སྲིད་ཇུས་བཟང་པོ་ལས་ང་ཚོ་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་དང་། ཡོང་འབབ་ཀྱང་མང་དུ་སོང་ཁར་འཚོ་བ་ཡང་ལེགས་སུ་ཕྱིན་སོང་། བཀའ་དྲིན་འདི་ང་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་བརྗོད།

    བློ་འཕེལ་དང་འདྲ་བར་ལས་ཞུགས་འབབ་འཕར་བྱུང་བའི་དཔེ་མཚོན་ནི་བྲག་གཡབ་རྫོང་དུ་ད་དུང་མང་པོ་ཡོད། ཁོང་ཚོ་མཉམ་ལས་ཁང་དུ་ཞུགས་པའམ། ཡང་ན་རྩལ་ནུས་སྦྱངས་ནས་ཚོང་ཁང་གཉེར་བ། ཡང་ན་ཨར་སྐྲུན་ལས་ཡུལ་དུ་ལས་ཀ་བྱེད་པ་སོགས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་དུད་ཁྱིམ་གྱི་འབྱོར་འཁོས་ལེགས་སུ་གཏོང་གི་ཡོད།

    ཆབ་མདོ་ཡོངས་སུ་ལས་ཞུགས་གཞན་སྒྱུར་དེ་སྔ་ས་ནས་མང་ཚོགས་དབུལ་པོའི་འབབ་འཕར་ཐབས་ལམ་མང་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་གྱུར་ཡོད། 2016ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་4.7ལ་གསོ་སྦྱོང་བྱས་ཏེ་མི་ཁྲི་4.03ལས་ཞུགས་གཞན་སྒྱུར་ཐུབ་ཡོད།

    ད་ཆར། བོད་ཤར་གྱི་མུ་ཏིག་ཅེས་གྲགས་པའི་ཆབ་མདོའི་དབུལ་སྒྲོལ་འགག་སྒྲོལ་དེ་ལྟོ་གོས་རྣམ་པའི་དབུལ་སྐྱོར་ནས་འཕེལ་རྒྱས་རྣམ་པའི་དབུལ་སྒྲོལ་དུ་བསྒྱུར་བ་དང་། སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་སྐྱོར་ལ་བརྟེན་པ་ནས་མང་ཚོགས་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་འཕེལ་བའི་བར་བསྒྱུར་བ། ཞིང་ཆུ་ལེབ་གཏོང་ནས་གནད་སྨིན་ཐིགས་ཆུ་གཏོང་བའི་བར་བསྒྱུར་བ་བཅས་མངོན་འགྱུར་བྱུང་ཟིན་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་སེམས་གཅིག་མཐུན་ངང་འདི་ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་གཙང་སེལ་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།