ཚེས་13ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ་གྲོང་གསེབ་དར་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”དང《གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར》བཅས་ཀྱི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། བོད་ལུག་དང་བོད་ཕག་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ནོར་བུ་དོན་གྲུབ། ཅང་ཅེ། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། དབང་ཧའེ་ཀྲོའུ། ཧྲི་མོའུ་ཅུན། ཀྲང་ཡུང་ཙེ། ལུའོ་མེ། འཇམ་དཔལ། ཀྲང་ཧུང་པོ་བཅས་ཚོགས་འདུར་ཞུགས་པ་རེད།
ཆེ་དགྲ་ལྷས། ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་སྔོན་འགྲོ་ཡིན། ཉེ་བའི་ལོའི་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་བཏོན་པས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འོན་ཀྱང་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ་དང་། དོ་དམ་ཆུ་ཚད་དམའ་བ། ཚན་རྩལ་འདེགས་སྐྱོར་མི་འདང་བ། ཕྱོགས་བསྡུས་ཐོན་སྐྱེད་ཀྱི་མ་གནས་མཐོ་བ་སོགས་མངོན་གསལ་དོད་པའི་གནད་དོན་སྔར་བཞིན་གནས་ཡོད་ཅེས་གསུངས་པ་རེད།
ཆེ་དགྲ་ལྷས། རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་བ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་སྟོན་ཕྱོགས་སུ་འཛིན་པ། ཕན་འབྲས་སྟོན་ཕྱོགས་སུ་འཛིན་པ་བཅས་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཐའ་མའི་རྒྱལ་ཁ་ལེན་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་གཙོ་གནད་ལས་འགན་ལ་སྤྱི་འདོམས་བྱས་ནས་དམ་འཛིན་ཡག་པོ་བྱེད་པ། བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ། བློ་ཁོག་ཆེན་པོས་གསར་གཏོད་བྱེད་པ། རྩེ་རིམ་ཇུས་འགོད་ཡག་པོ་འདིང་བ། གཙོ་གནད་ལས་འགན་ཁ་གསལ་བ་བཅས་ཀྱི་ཐོག་ནས་ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་འདུ་འགོད་ལག་བསྟར་བྱེད་པ་དང་། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། སྲོལ་རྒྱུན་འབྲོག་ལས་སྒྱུར་བཀོད་དང་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ལས་དོན་གསར་པ་ཏན་ཏིག་སྒྲུབ་པ། བོད་ལུག་དང་བོད་ཕག་སོགས་ཀྱི་ཐོན་ལས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲོམ་རས་ཁྲིད་སྟོན་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། གཙོ་གནད་ཐོན་ལས་ལ་དམིགས་པ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཅིག་སྡུད། ཚོགས་སྒྲིག་སྦྲེལ་ཐག་མངོན་གསལ་དོད་པ། སྒུལ་ནུས་གསར་པ་སྐྱེད་སྲིང་འཕེལ་རྒྱས་གཏོང་བ། དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་གང་མགྱོགས་བསྐྲུན་ནས་ཞིང་འབྲོག་ལས་དེང་རབས་ཅན་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས། རྨང་གཞིའི་གྲངས་གཞི་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱེད་པ་དང་། ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་གང་ལེགས་བྱེད་པ། ཚན་རིག་དང་མཐུན་པར་བཀོད་སྒྲིག་ལུགས་མཐུན་བྱེད་པ། བར་མཐོངས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། བ་མོའི་བསྡུར་གྲངས་མང་དུ་གཏོང་བ། ལྡབ་འཕར་འཆར་གཞི་ལག་བསྟར་བྱེད་པ། མཉམ་ལས་ཁང་གི་གསོ་ཚགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་གཏོད་པ། མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་པ། ངལ་ནུས་ལྷག་མ་གཞན་སྒྱུར་ནུས་ལྡན་བྱེད་པ་བཅས་ཀྱི་སྒོ་ནས“ལས་བརྟེན་མི་འཛོམས་དང་། ལས་བརྟེན་མི་སྐྱོང་། ལས་བརྟེན་ཕྱུག་འགྱུར”བཅས་མངོན་འགྱུར་ཡོང་བ་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ལས་གཏོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། ནོར་སྲིད་ཀྱི་གཏོང་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་དངུལ་རྩའི་འགན་བཅོལ་ཞབས་ཞུ་གསར་གཏོད་བྱེད་པ། ཤེས་ལྡན་པའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་པ་བཞིན“འགོ་ཁྲིད་གཙོ་བོའི”འདུ་འགོད་གཏོད་པ་དང་། ཟླ་རེའི་སྐོང་འཐེན་ལས་ཀའི་ལམ་ལུགས་ལག་བསྟར་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གོང་འོག་མཉམ་འགུལ་དང་མཉམ་དུ་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།