དབུ་ཤོག>ཆེད་སྒྲིག
  • འབྱོར་འབྲིང་ལམ་དུ་བདེ་སྐྱིད་གླུ་དབྱངས་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-12

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་སྐྱིད་རྩེ་གྲོང་ཚོ་ནི་ལྷིང་འཇགས་དང་། མཛེས་སྡུག་ལྡན་པ། ཞི་མཐུན་བཅས་ཀྱི་བདེ་སྐྱིད་ལྡན་པའི་གྲོང་ཚོ་ཞིག་རེད།

    རྫོང་གྲོང་དང་བར་ཐག་སྤྱི་ལེ་16ཙམ་ཡོད་པའི་སྐྱིད་རྩེ་གྲོང་ཚོར་ཁྱོན་དུད་ཚང་37དང་གྲོང་མི་138ཡོད་པ་ལས། མ་མཐའི་འཚོ་བ་འགན་ལེན་དུད་ཚང་2དང་སྤྱིར་བཏང་གི་དུད་ཚང་དབུལ་པོ་2ཡོད་པ་རེད། 2018ལོར། གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་གྱི་ཚད་གཞི་ལོན་ནས། གྲོང་ཚོ་དབུལ་པོ་དེ་དབུལ་སྒྲོལ་བྱུང་ཡོད་པ་རེད།

    “ད་ཆ་གྲོང་ཚོའི་ཆ་རྐྱེན་ཡག་ཐོག་ཡག་བརྩེགས་ཡོང་བཞིན་ཡོད། རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཞིང་འགྲིམ་འགྲུལ་ཡང་སྟབས་བདེ་ཡོད་པས། གྲོང་ཁྱེར་དང་འདྲ་པོ་རེད” གྲོང་གསེབ་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། གྲོང་རྡལ་གྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད་ཅེས་སྐྱིད་རྩེ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་གིས་བརྗོད་པ་རེད།

    “ཁང་པ་འདི་ནི་ལོ་གཉིས་གོང་རྒྱས་སྐྲུན་བྱས་པ་ཞིག་རེད། སྲིད་གཞུང་གིས་ཁ་གསབ་མ་དངུལ་སྤྲད་པ་མ་ཟད་ད་དུང་ཁྱིམ་ཆས་ཀྱང་སྤྲད་བྱུང་། ཁང་པ་རྒྱས་སྐྲུན་བྱེད་སྐབས།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་མི་ཚོས་རོགས་རམ་བྱས་བྱུང” དེ་སྔོན་དུད་ཚང་དབུལ་པོ་ཚེ་རིང་གཡུ་སྒྲོན་གྱི་སྡོད་ཁང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཁྱིམ་མི་ཚང་མའི་འཚོ་བར་འགན་ལེན་བྱུང་ནས་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་མ་ཟད། ད་དུང་ཡངས་ཤིང་དཀར་ཆ་དོད་པའི་སྡོད་ཁང་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།

    “སྔོན་ཆད་ལམ་ཚང་མ་གསེག་ལམ་ཡིན་པས། ང་ཚོ་རྫོང་གྲོང་དུ་སྐྱོད་པར་ཡང་སྟབས་བདེ་མེད། ཆར་པ་བབས་ཚེ་འདྲེད་བརྡར་ཤོར་ནས་དེ་ལས་ཀྱང་སྐྱོད་ཁག་པོ་ཡོད” “2016ལོར། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་སྡེ་ཚན་ལ་རེ་འདུན་ཞུས་ནས་གྲོང་གསེབ་གཞུང་ལམ་བདག་སྐྱོང་མ་དངུལ་སྒོར་ཁྲི་1700རག་པས། རིང་ཚད་ལ་སྤྱི་ལེ་9.9དང་ཞེང་ཚད་ལ་སྨི་4.5ཡོད་པའི་ཨར་འདམ་ལམ་བཟོས་སྟབས། ད་ཆ་སྟབས་བདེ་པོ་འདུག”ཅེས་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཚེ་རིང་སྒྲོལ་མས་གྲོང་ཚོར་སྐྱོད་པའི་རི་ལམ་ཞིག་བསྟན་ནས་དེ་ལྟར་བརྗོད།

    བགྲོད་ལམ་ཤར་སྐྱོད་ཐུབ་པས་ཕྱུག་འགྱུར་ལམ་བུ་ཡངས་སུ་ཕྱིན་པ།

    ཉེ་བའི་ལོ་ཤས་རིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ས་གནས་དེ་གའི་ཐོན་ཁུངས་ལ་གཞིགས་ཏེ་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་པ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་འབྲོག་མང་ཚོགས་ཚོ་རང་ས་རང་ཡུལ་ནས་འབྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་ཞུགས་སུ་བཅུག་པས། འབབ་འཕར་བརྟན་པོ་བྱུང་ཡོད།

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བག་གྲོས། 2019ལོར། སྐྱིད་རྩེ་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་342.41ཟིན་ནས་ཆ་སྙོམས་མི་རེར་ཡོང་འབབ་སྒོར་ཁྲི་1.5ལྷག་དང་དངུལ་སྨར་ཡོང་འབབ་སྒོར་ཁྲི་1.03ལྷག་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལམ་བདེ་མོ། ཆུ་དྭངས་མོ། གློག་གསལ་པོ་སོགས་ད་ཆའི་སྐྱིད་རྩེ་གྲོང་ཚོ་ནི་དེ་སྔའི་དབུལ་ཕོངས་ཀྱི་རྣམ་པ་འགྱུར་ནས་དུད་ཚང་ཚང་མ་སྡོད་ཁང་གསར་པར་བསྡད་ཡོད་ཅིང་། རྒན་རྒོན་ཚོ་བློ་བདེ་བག་ཕེབས་ངང་མཉམ་དུ་འཛོམས་ནས་ཉི་མ་སྲོ་བ་དང་། ན་གཞོན་ཚོས་སོ་སོའི་སྒོ་ཁར་འབྲས་ཤིང་འཛུགས་པ། བྱིས་པ་ཚོ་རྩེད་འཇོར་རོལ་བ་སོགས་གང་སར་དགའ་སྤྲོ་ཞི་མཐུན་གྱི་རྣམ་པས་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།