དབུ་ཤོག>ཆེད་སྒྲིག
  • བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས“དབུལ་པོའི་རྩ་བ”དྲུངས་ནས་འབྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-10

    འདི་ལོ་ལོ་44ལ་སླེབས་པའི་ནོར་བཟང་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་བ་རོང་གྲོང་ཚོ་ནས་ཡིན་ཞིང་། གླེང་རིན་ཡོད་པ་ཞིག་ལ་ཁོང་དུས་ཐུང་ལོ་གཉིས་ནང་སྔོན་ཆད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ནས་རླངས་འཁོར་ཉམས་བཟོ་ཁང་གི་ཁྲིམས་མིར་གྱུར་པ་དེ་རེད།

    ནོར་བཟང་སློབ་གྲྭ་ཉིན་ཁ་ཤས་ལས་འགྲིམ་མྱོང་མེད་སྟབས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཆུ་ཚད་ཅུང་ཞན་ཙམ་ཡོད་ལ། ལག་རྩལ་སྣ་གཅིག་ཀྱང་ཤེས་ཀྱི་མེད། འོན་ཀྱང་ཁོང་རླངས་འཁོར་དང་འཕྲུལ་ཆས་སྣ་ཚོགས་བཟོ་རྒྱུར་ཧ་ཅང་དགའ་པོ་ཡོད། ནོར་བཟང་གིས་རང་ཉིད་ཆུང་དུས་ཅ་དངོས་ཆུང་ཆུང་སྒྲིག་བཟོ་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། རླངས་འཁོར་གློག་སློང་བའི་སྒྲ་ཐོས་པ་ནས་བཟུང་སྒྲ་དེས་ངའི་ཡིད་དབང་རྦད་དེ་འཕྲོག་སྟེ་ཐོག་མར་སྦག་སྦག་བཤིག་ནས་སྒྲིག་སྦྱོར་བྱེད་པ་དང་སྒྲིག་སྦྱོར་བྱས་རྗེས་སླར་ཡང་བཤིག་གི་ཡོད། མཐར་སྦག་སྦག་གིས་ཀྱང་བློ་ཡིད་མི་ཚིམ་པར་གྲོང་ཚོའི་བེད་མེད་རླངས་འཁོར་ཆེ་གྲས་དེ་དག་བཤིག་བཟོ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། དེ་ལྟར་རིམ་བཞིན་ནོར་བཟང་གྲོང་ཚོའི་ནང་སྐད་གྲགས་ཆོད་པའི་རླངས་འཁོར་ཉམས་བཟོ་མཁས་ཅན་ཞིག་ལ་གྱུར་ཡོད།

    ནོར་བཟང་གཉེན་སྒྲིག་བྱས་རྗེས་ཁྱིམ་ཚང་གི་རྨང་གཞི་ཞན་པ་དང་ཆ་རྐྱེན་སྐྱོ་ཙམ་ཡོད་པས་འཚོ་བའི་འགན་འཁྲི་ལྕི་པོ་དེ་ཁོང་གི་ཕྲག་ཐོག་ཏུ་བབས་པ་མ་ཟད། འཚོ་བ་ཡང་དཀའ་ཚེགས་ཆེན་པོ་ཞིག་སྐྱེལ་དགོས་བྱུང་། 2017ལོའི་ལོ་མཇུག་ཏུ་གྲོང་ཚོའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བསྡོམས་རྩིས་རྒྱག་སྐབས་ནོར་བཟང་དང་གྲོང་ཚོའི་དུད་ཚང་གཞན་དག་8“མིང་ཐོའི”ནང་ཚུད།

    ཕམ་ཉེས་འབྱུང་སྐབས་ནམ་ཡང་མགོ་མི་སྒུར་བའི་ནོར་བཟང་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་འཚོ་བར་འགྱུར་ལྡོག་བཏང་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་རྗེས། ཁོང་གིས་ཏང་གི་ཞིང་ཕན་དམངས་ཕྱུག་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱེད་འགོ་ཚུགས་པ་མ་ཟད། དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྲིད་ཇུས་ཀྱང་གྲོང་སྡོད་ལས་དོན་རུ་ཁག་ལ་སེམས་ཆུང་ངང་བཀའ་འདྲི་ཞུས་པས་གང་འདྲ་ཞིག་ལ“ཕྱོགས་ལྔ་གཞི་གཅིག”དང“གནད་སྨིན་དྲུག”“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཟེར་བ་དང་། གང་འདྲ་ཞིག་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་ཟེར་བ་ལ་སོགས་རིམ་བཞིན་ཁོང་གིས་ཤེས་པ་རེད།

    སྲིད་ཇུས་ཁོང་དུ་ཆུད་རྗེས་ནོར་བཟང་གི་སེམས་སུ་དུད་ཚང་དབུལ་པོ་གཞན་དང་མཉམ་དུ་རླངས་འཁོར་ཉམས་བཟོ་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། དེ་མ་ཐག་ཁོང་གིས་དུད་ཚང་དབུལ་པོ་གཞན་གྱི་སར་བསྐྱོད་དེ་སྐུལ་སློང་བྱེད་འགོ་ཚུགས།

    ཐོག་མར་དུད་ཚང་དབུལ་པོའི་གྲོང་མི་ཚོས་རང་གི་རང་ལ་ཡིད་ཆེས་མེད་པའི་སྒོ་ནས“རླངས་འཁོར་ཉམས་བཟོ་ཁང་ཞིག་འཛུགས་དགོས་ཟེར་ན་ལམ་སེང་འཛུགས་ཐུབ་བམ”ཞེས་བརྗོད།

    གནས་ཚུལ་ཤེས་རྗེས། ནོར་བཟང་གིས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”བཙལ་ནས་རང་ཉིད་ཀྱི་བསམ་ཚུལ་ཞུས་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་དུད་ཚང་དབུལ་པོར་བསམ་བློའི་སློབ་གསོ་རྒྱག་པ་དང་ཆབས་ཅིག ཤང་སྲིད་གཞུང་གི་ཉེ་འགྲམ་དུ་ས་ཆ་སྟོང་པ་ཞིག་བཙལ་ནས་ཉམས་བཟོ་ཁང་སྐྲུན་རྒྱུའི་ཐག་བཅད།

    དུད་ཚང་དབུལ་པོར་བསམ་བློའི་སློབ་གསོ་ཐེབས་རྗེས་ཀྱི་དཀའ་གནད་ཆེ་ཤོས་ནི་རྣམ་གྲངས་འཛུགས་སྐྲུན་ལ་མཁོ་ཤོས་ཀྱི་མ་དངུལ་གྱི་གནད་དོན་དེ་རེད། མ་དངུལ་མེད་ཚེ་རླངས་འཁོར་ཉམས་བཟོ་ཁང་ཇི་ལྟར་འཛུགས་ཐུབ་བམ།

    མཐར་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་མཐུན་སྦྱོར་བྱས་པ་བརྒྱུད། དུད་ཚང་དབུལ་པོས་མཉམ་དུ་མ་དངུལ་སྒོར་ཁྲི་8བཏོན་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མ་དངུལ་སྒོར་ཁྲི་1བསྡུ་རུབ་བྱས་པས་འགོ་འཛུགས་མ་དངུལ་བསྡུ་རུབ་འདང་ངེས་བྱུང་སྟེ་རླངས་འཁོར་ཉམས་བཟོ་ཁང་དེ་གཞི་ནས་གཉེར་སྐྱོང་ཐུབ་པ་རེད།

    ཏང་དང་སྲིད་གཞུང་གི“རྒྱབ་རྟེན”ཡོད་པས་ནོར་བཟང་གི་ངར་ཤུགས་ལྡབ་བརྒྱ་འཕེལ་ཞིང་། ཉིན་ལྟར་ཞོགས་པའི་ཆུ་ཚོད་6པ་ཙམ་ནས་ཁོང་གིས་རླངས་འཁོར་ཉམས་བཟོ་ཁང་དུ་བསྐྱོད་དེ་གཙང་སྦྲ་འཕྲོད་བསྟེན་དང་སྒྲིག་ཆས་གཙང་སེལ་སོགས་ལས་ཀ་ཙག་ཙིག་རྣམས་ཚར་བར་བྱས་ནས་ལས་རོགས་གཞན་རྣམས་ལས་ཀར་འབྱོར་སྐབས་ལས་གཉེར་བྱེད་ཆོག་ཆོག་རེད།

    ཡིད་རྟོན་ལེགས་པ་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་རླངས་འཁོར་ཉམས་བཟོ་ཁང་གི་ཚོང་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་ཡག་ཏུ་སོང་སྟེ་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བས་ཁོང་གི་སར་རླངས་འཁོར་ཉམས་བཟོར་སྐྱེལ་འདོད་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ནོར་བཟང་གི་མཛུབ་ཁྲིད་འོག་དུད་ཚང་དབུལ་པོའི་ལས་མི་ཚོའི་ལག་རྩལ་ཡང་ཉིན་རེ་བཞིན་མ་འདས་པར་བྱང་ཆུབ་པར་གྱུར་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་རེ་བ་རིམ་བཞིན་མངོན།

    ལོ་གཅིག་ལྷག་ཙམ་ལས་གཉེར་བྱས་པ་བརྒྱུད། རླངས་འཁོར་ཉམས་བཟོ་ཁང་གི་ཐོག་མའི་མ་གནས་སྒོར་ཁྲི་9ཚང་མ་སྔ་ས་ནས་རག་པ་མ་ཟད། ནོར་བཟང་དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོ་8དབུལ་སྒྲོལ་ཐུབ་ནས་ཕྱུག་འགྱུར་འབྱོར་འབྲིང་ལམ་དུའང་བསྐྱོད་ཡོད།

    རླངས་འཁོར་ཉམས་བཟོ་ཁང་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་སྐྱོང་བྱས་པར་ཤང་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་ནོར་བཟང་དེ་ཙམ་གྱིས་བློ་ཡིད་ཚིམས་ནས་སྡོད་ཀྱི་མེད། ཁོང་གིས་སླད་མར་རང་ཉིད་ཀྱིས་རླངས་འཁོར་ཉམས་བཟོ་ཁང་དེ་སྔར་བས་འཐུས་ཚང་དང་རྒྱ་ཆེ་རུ་བཏང་སྟེ་མི་དེ་བས་མང་བའི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་གསར་འགོད་པར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།