དབུ་ཤོག>ཆེད་སྒྲིག
  • རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་དམ་པོར་དམིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-08

    2019ལོར་བོད་ཀྱི་དབུལ་ཕོངས་རྫོང(ཆུས)མཇུག་ཤོས་19ལ་དབུལ་ཞྭ་འབུད་པའི་ཆ་རྐྱེན་ལྡན་པ་དང་། མི་ཁྲི་15ལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བྱུང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མཇུག་དུས་ནི་དཀའ་ཚེགས་ཆེ་ཤོས་དང་འགག་རྩ་ཆེ་ཤོས་རེད། དམག་འཐབ་དྲག་པོ་འདིའི་ནང་རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། ལྟ་སྐུལ་གནད་འཕིགས་བྱེད་པ། སྒྲིག་སྐྱོང་ནན་པོ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་གཡས་གཞོགས་གཡོན་འདེགས་བྱས་པས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ལྟ་སྐུལ་འགན་ནུས་ཆེ་རུ་བཏང་ནས“བསམ་ཇུས་གཅིག”གི་ལྟ་སྐུལ་རྣམ་པ་བཙུགས་པ།

    རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངེས་གནས་ལྟ་སྐུལ་ལ་ཕྱོགས་པ་དང་། ལྟ་སྐུལ་གྱི་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ས་ཆ་དངོས་སུ་རྟོག་ཞིབ་དང་གནས་སྡོད་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་དག་ཐེར་བྱེད་ཚུལ་ལ་ལྟ་སྐུལ་བྱས་པ་དང་། དག་ཐེར་ནུས་ལྡན་མི་ཐུབ་པའི་རིགས་དང་། དེ་བཞིན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐོག་ནས་དག་ཐེར་བྱས་རིགས། གྲངས་གཞི་ཙམ་གྱི་ཐོག་ནས་དག་ཐེར་བྱས་རིགས་བཅས་ལ་དམ་པོར་དམིགས་ནས་འགན་འཁྲི་རྩད་གཅོད་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་བ་རེད། 

    མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གྱི་ཁུངས་སྣེ་གནད་ལ་འཕིགས་པོས་འཚོལ་ཆེད། རང་སྐྱོང་ལྗོངས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐད་ཀར་གཞི་རིམ་ལ་ཕྱོགས་པ་དང་། འཐབ་ས་དང་པོར་སྐྱོད་པ། ས་ཆ་དངོས་སུ་སྐྱོད་དེ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། རང་སྐྱོང་ལྗོངས་དང་། ས་གནས་དང་གྲོང་ཁྱེར་ཁག་གི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་བལྟོས་བཅས་རྗེས་ལུས་ཡིན་པའི་རྫོང(ཆུས)དུ་གནས་སྡོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་28ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ། སྒྲིག་ཨུད་ཧྲུའུ་ཅིར་ངོ་འཕྲད་སྐོང་འདྲི་བཅས་བྱས་པས་ལྗོངས་ཡོངས་ཀྱི་ཆེད་དོན་བཅོས་སྒྲིག་གི་ལས་དོན་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད། རྫ་ཡུལ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མི་50ལྷག་ཙམ་དབུལ་སྐྱོར་གྱི་གཙོ་འགན་སྡེ་ཚན་དང་། ཤང་གྲོང་། གྲོང་ཚོ་བཅས་སུ་མངགས་ཏེ་ལྟ་སྐུལ་ཞིབ་བཤེར་ཐེངས་16བྱས་པར། གནད་དོན་42རྩད་ཆོད་ཐུབ་ནས་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་ཡང་བཏང་བ་རེད། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་སྲོལ་སྲིད་སྲོལ་གྱི་སྤྱི་ཚོགས་ཀྱི་ལྟ་སྐུལ་པ་100གདན་དྲངས་བ་མ་ཟད། ཡུག་ཁུལ་འགན་གཙང་བླངས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་མཁན་གྱི་རྫོང་རིམ་པའི་འགོ་ཁྲིད་7དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་ལས་དོན་ཚོགས་ཆུང་10 དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཅས་ལ《དབུལ་སྐྱོར་ཁྱབ་ཁོངས་སུ་ཐོན་པའི་གནད་དོན་བསྡུ་ལེན་སྐོར་གྱི་ཡིག་ཆ》སྤྲད་ནས་གནད་དོན་གྱི་ཁུངས་སྣེ་རྒྱ་ཁྱབ་བཙལ་བ་རེད།

    འགན་འཁྲི་ནན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་བྱེད་ཐབས་དམིགས་སར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ།

    དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་བྱེད་རྒྱུར་ཐུག་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲི་དང་། ལས་རིགས་ལྟ་འདོམས་འགན་འཁྲི། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་འགན་འཁྲི་བཅས་ནན་དུ་བཏང་ནས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་སྒྲུབ་ཚུལ་ལ་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཡོད། དེ་དང་དུས་མཚུངས་འགན་ནུས་སྡེ་ཚན་གྱིས་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་འབྱུང་རྩ་ནས་ཤེས་རྟོགས་དང་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད།

    “ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཚུར་ལན་གནད་དོན་གྱི་གསལ་ཐོའི་ཚད་གཞི་དང་ཡང་ཡང་བསྡུར་ནས་དག་ཐེར་བྱེད་ཐབས་རེ་རེ་བཞིན་བཟོས་པ་དང་། རིམ་པ་དེ་རང་ནས་དམ་འཛིན་དང་རང་ངོས་དག་ཐེར་བྱེད་རྒྱུ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་ནས་སྐོར་གཟིགས་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱས་ཡོད” མིག་སྔར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དག་ཐེར་ལས་འགན་ཁག་16ལེགས་གྲུབ་ཟིན་པ་དང་དུས་མཚུངས་འགན་འཁྲིའི་ཚན་པ་34ལ་འཕྲལ་མར་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་རྒྱུའི་ལྕག་སྐུལ་བྱས་པ་དང་། དམིགས་བསལ་གྱི་གནད་དོན་ཁག་36དག་ཐེར་ཏན་ཏིག་བྱེད་རྒྱུའི་འགན་ལེན་བྱས་པ་རེད།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ།

    “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བ་བྱེད་རྒྱུ་དེ་ནི་རང་རེའི་དཔེ་མཚོན་གྱི་བྱེད་ཐབས་ཤིག་རེད་ལ་ཐོབ་པའི་ཉམས་མྱོང་བཟང་པོ་ཞིག་ཀྱང་རེད”དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་མཐའ་མའི་རྒྱལ་ཁ་ལེན་པ་དང་། རྒྱལ་ཁ་ཕུ་ཐག་གཅོད་པ། མཐའ་མའི་གདོང་མཆོང་བཅས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐུན་མོང་གི་གནད་དོན་ལ་དམ་པོར་དམིགས་པ་དང་དམིགས་བསལ་གྱི་གནད་དོན་ཤེས་རྟོགས་གང་ལེགས་བྱས་ཏེ། ལྟ་སྐུལ་གནད་ལ་འཕིགས་པ་དང་། སྒྲིག་སྐྱོང་ནན་པོ་བྱེད་པ། རྩ་ལག་མཉམ་བཅོས་བཅས་བྱས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་སྤེལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

    མི་རིང་བའི་གོང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དམངས་སྲིད་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་སྤེན་པ་མཚམས་གཅོད་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ་དང་། སྲིད་དོན་གོ་གནས་ཕྱིར་འཐེན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པས་ས་གནས་དེ་གའི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། སྤེན་པ་མཚམས་གཅོད་ཀྱིས་རྣམ་གླིང་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར་རིང་། སྒྲིག་ཁྲིམས་ལས་འགལ་ནས་དགའ་ཉེ་སྤུན་མཆེད་ཀྱི་ཁྱིམ་ཚང་4གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་དང་། གནས་ཚུལ་དེ་མ་དངུལ་སྒོར་ཁྲི་12ལྷག་ཙམ་དང་འབྲེལ་བ་ཡོད། ད་དུང་ཁོ་མོས་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་གི་རྒྱུ་ནོར་ཐེངས་མང་བླངས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་7ལྷག་ཙམ་ཉུང་འཕྲི་བྱས་པ་རེད།

    “ཁ་གདན་རེ་གཉིས་དང་། སྒོ་ང་སི་ར་གཅིག མར་དཀྲོག་ཁ་ཤས་བཅས་ཀྱིས་ཁོང་གི་སེམས་ལ་གཡོ་འགུལ་ཐེབས་ཡོད། མ་གཞི་རིན་གོང་ཆེན་པོ་མ་གནས་ཀྱང་མི་སེར་གྱི་ཐོབ་ཚོར་ཧམ་ཟ་བྱས་པ་ཞིག་རེད”རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱང་སྐྱོད་ལམ་དུ་རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ། དབུལ་སྐྱོར་ལམ་དུ་ཡོད་པའི“ལམ་ཇག་བཀག་རྡོ”མཐའ་གཅིག་ཏུ་མེད་པ་བཟོ་བ་དང་མང་ཚོགས་ཀྱི་རྒྱུ་ནོར་ལ་འདོད་རྔམ་བྱེད་མཁན་ལ་རྡུང་རྡེག་ནན་པོ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།