དཔྱིད་ཟླ་གསུམ་པར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཉེ་འདབས་ཀྱི་བྲག་ཕྱི་གྲོང་ཚོའི་དུད་ཚང་ཚང་མའི་སྒོ་རའི་ནང་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཡོད།
“ད་ཆ་ཁྱེད་ཚོ་ལྷ་ས་ནས་རླངས་འཁོར་བཏང་སྟེ་འདིར་ཡོང་བར་ཆུ་ཚོད་བཞི་ལས་འགོར་གྱི་མེད། 1953ལོར་ང་ལྷ་སར་ཐེངས་དང་པོ་སྐྱོད་སྐབས་ལམ་བར་དུ་ཆུ་ཚོད་ག་ཚོད་འགོར་གྱི་ཡོད་མེད་ཁྱེད་ཚོས་ཤེས་སམ། ཉིན་16ཏག་ཏག་འགོར་སོང་། ཉིན་གཅིག་ལ་ལེ་དབར་སྟོང་སྐྱོད་ཐུབ་པའི་མྱུར་བགྲོད་ལམ་ནི་སྔོན་ཆད་ང་ཚོའི་མི་རབས་ཚོས་བསམ་ཡང་བསམ་མི་ཕོད་པ་ཞིག་རེད”ཅེས་ལོ་76ལ་སླེབས་པའི་གྲོང་མི་ཟླ་ལྷུན་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
2013ལོའི་ཟླ་5པར། ཉིང་ཁྲི་ནས་ལྷ་ས་གྲོང་ཁྱེར་བར་གྱི་ལྷ་ཉིང་རིམ་མཐོའི་གཞུང་ལམ་སྐྲུན་འགོ་ཚུགས། 2019ལོའི་ཟླ་4པར་བསྐྲུན་ཟིན་ནས་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། ལམ་ཐག་ཧྲིལ་པོར་རིང་ཚད་སྤྱི་ལེ་409.2ཡོད། དེ་ནི་མིག་སྔར་བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་རིང་ཤོས་དེ་རེད།
1951ལོར་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ཟམ་པའང་གཅིག་ཀྱང་མེད། དུས་ཐུང་ལོ་ངོ་བཅུ་ཕྲག་རིང་། སྐད་གྲགས་ཆོད་པའི་ཁྲོན་བོད་གཞུང་ལམ་ནས་འགོ་ཚུགས་ཏེ་བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་ཡོད། 2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་10ཟིན་པ་དང་། དེའི་ནང་གྲོང་གསེབ་གཞུང་ལམ་གྱིས་སྤྱི་ལེ་ཁྲི་7.4ཟིན་གྱི་ཡོད།
གྲོང་མི་སྐལ་བཟང་དབང་ཕྱུག་གིས་2019ལོའི་ཁྱིམ་གྱི་ཡོང་འབབ་རྩིས་བརྒྱབ་པ་སྟེ། རླངས་འཁོར་ཆེ་གྲས་གཅིག་གིས་སྐྱེལ་འདྲེན་བྱས་པར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་བ་དང་། སྔོག་འདོན་རླངས་འཁོར་ཆེ་གྲས་ཤིག་ཨར་པོ་རྒྱག་སར་བོགས་མར་བཏང་བར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་25ལྷག་ཙམ་བྱུང་བ། བཟའ་ཟླས་ལོ་ངོ་སྟོང་གི་ཤུག་སྡོང་མཛེས་ལྗོངས་ཁུལ་དུ་ཚོང་བརྒྱབ་པར་ཁེ་བཟང་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད།
“ཡོང་འབབ་འདི་དག་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་འབྲེལ་བ་ཡོད”ལྷ་ཉིང་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཉིང་ཁྲི་གྲོང་ཁྱེར་དུ་ཟོག་འདྲེན་ཁུལ་དང་སྡེབ་ཚོང་ཁྲོམ་ར་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་ཡོད། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་དང་བསྟུན་ནས་གྲོང་ཚོའི་ལོ་ངོ་སྟོང་གི་ཤུག་སྡོང་མཛེས་ལྗོངས་ཁུལ་དུ་ཡོང་མཁན་གྱི་ཡུལ་སྐོར་བ་དེ་བས་མང་དུ་ཕྱིན་སོང་ཞེས་སྐལ་བཟང་དབང་ཕྱུག་གིས་བཤད།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་མ་ལམ་དེ་དག་རིམ་པ་མཐོ་བའི་ལམ་དུ་འཛུགས་སྐྲུན་མགྱོགས་སུ་བཏང་ཡོད། ཉིང་ཁྲི་ནས་ལྷ་ས་བར་དང་། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། རྩེད་ཐང་ནས་གོང་དཀར་གནམ་ཐང་སོགས་རིམ་མཐོའི་གཞུང་ལམ་སྔ་རྗེས་སུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། བོད་ཀྱིས་འདི་ལོ་ལྷ་ས་ནས་ནག་ཆུ་བར་དང་། རྒྱལ་ལམ་214རྒྱུད་ཀྱི་ཆབ་མདོ་ནས་ལྕགས་ཁ་དུམ་བུའི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། ལོ་མཇུག་གོང་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་བྱེད་རྒྱུ་རེད།
འཕེལ་རྒྱས་འགྲོ་བཞིན་པའི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ནི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་དང་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
(པར་ངོས་གཉིས་པར་གཟིགས)
(པར་ངོས་དང་པོར་མཐུད) 2019ལོ་ཁོ་ནར་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་10.3ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་17.8བྱུང་ཡོད།
ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་གཞིས་རྩེའི་བཀོད་འདོམས་པུའི་འགན་འཁུར་བས། ལས་གྲྭ་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་ཞིང་འབྲོག་པ་དང་འཕྲུལ་ཆས་ལས་ཀར་ཞུགས་སུ་བཅུག་ཡོད། 2019ལོར་ས་གནས་དེ་གའི་ཞིང་འབྲོག་པར་ཡོང་འབབ་སྒོར་དུང་ཕྱུར་1.1བྱུང་བ་དང་། འདི་ལོ་ཞིང་འབྲོག་པ་ལས་ཞུགས་བྱེད་པར་སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི་5500ཡོང་རེ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོ་ནི་རྩེད་གོང་རིམ་མཐོའི་གཞུང་ལམ་དང་གོང་དཀར་གནམ་ཐང་རིམ་མཐོའི་གཞུང་ལམ་གྱི་འགག་མདོར་གནས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ཀྱི་སྐུལ་ཁྲིད་འོག སྲིན་བུ་རི་གྲོང་ཚོར་ནག་ཆུ་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་གི་གནས་སྤོས་གྲོང་མི་900ལྷག་ཙམ་དེ་གར་སྤོ་རྒྱུ་ཡིན་པས་གྲོང་ཚོ་དེ་མགྱོགས་པོ་འཁྲུག་ཆ་དོད་དུ་འགྲོ་ངེས་རེད།
སྲིན་བུ་རི་གྲོང་ཚོའི་དུད་ཚང་48ཀྱི་གྲོང་མིས་མཉམ་དུ་མ་དངུལ་བཏོན་ནས་ས་ཕག་བཟོ་གྲྭ་གཉེར་བ་དང་། མི་མང་པོ་ཞིག་གིས་ཡིད་རྟོན་གྲངས་ཉུང་དངུལ་བུན་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཟོག་འདྲེན་རླངས་འཁོར་དང་སྔོག་འདོན་འཕྲུལ་ཆས་སོགས་ཉོས་ནས་སྐྱེལ་འདྲེན་རུ་ཁག་བཙུགས་ཡོད། ད་ཆ་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་ཕྱིར་གླ་པར་སྐྱོད་མཁན་མི་105བྱུང་ཞིང་། ཁྱིམ་ཚང་མི་རེ་ངོ་ངེ་ཚང་མར་ཡོང་འབབ་བརྟན་པོ་གསོག་སའི་ཐབས་ལམ་ཡོད་པ་དང་2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6.5ལྷག་ཙམ་ཟིན་ཡོད།
རིམ་མཐོའི་གཞུང་ལམ་རེ་རེས་གངས་ལྗོངས་ས་མཐོའི་ལུང་གཞུང་དང་། རི་གྲོང་། འབྲོག་ཁུལ་བཅས་སྦྲེལ་ཡོད་ལ་རྒྱ་ཆེའི་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའང་སྦྲེལ་ཡོད།
(མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏེང་ཅན་ཧྲེང་དང་། ཡོན་ཆོན། ཤུས་ཡུས་ཡའོ)