དབུ་ཤོག>ཆེད་སྒྲིག
  • དཔྱིད་དུས་སུ་ཕུགས་འདུན་སྒྲུབ་པར་བརྩོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-03-30

    ཟླ་3པར་གང་སར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་དབུལ་པོའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་ལྗོངས་སུ་མི་རྣམས་ལས་ལ་བརྩོན་པ་དང་དཔྱིད་ཀའི་རྣམ་པ་གང་སར་མཐོང་རྒྱུ་ཡོད། ལས་བྱེད་པ་དང་མང་ཚོགས་ཚོས་དཔྱིད་དུས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་ལ་གཞོལ་བཞིན་མཆིས།

    ད་ཆ་ནག་ཆུ་དང་། གཞིས་རྩེ། མངའ་རིས་སོགས་ཀྱིས་ས་གནས་དེ་གར་གཞིས་ཚུགས་ནས་སྒྱུར་བཅོས་གསར་གཏོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་པའི་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་གཞན་སྒྱུར་བྱེད་པ། ཞིང་འབྲོག་པ་ཁག་གཅིག་ཐོན་ལས་བཟོ་པར་སྒྱུར་བ་བཅས་བྱེད་བཞིན་ཡོད་པ་རེད།

    མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྡོ་དམར་གྲོང་ཚོ་བྲག་རུ་ཚོགས་ཆུང་གི་དུད་ཚང་དབུལ་པོའི་ལྷག་པས“ཕ་མ་གཉིས་ལོ་ན་མཐོ་བའི་ཁར་རྟག་ཏུ་སྨན་གཏོང་དགོས་པ་དང་། ནང་མི་ཚང་མའི་འཚོ་བའི་ཡོང་ཁུངས་ཕྱུགས་རིགས་ཁོ་ནར་བརྟེན་དགོས་པ་ལས་ཡོང་འབབ་གཞན་གང་ཡང་མེད། མཉམ་ལས་ཁང་ཡོད་པ་ནས་བཟུང་ཡོང་འབབ་དེ་སྔའི་ལྡབ་གཉིས་ཡོང་གི་འདུག”ཅེས་བཤད།

    བོད་ཀྱི་ཤིན་ཏུ་དབུལ་བའི་རྫོང་དང་མཐའ་མཇུག་གི་དབུལ་ཞྭ་ཕུད་པའི་རྫོང་19ཡི་གྲས་ཤིག་ཡིན་པའི་སྒེར་རྩེ་རྫོང་གིས་ཐོན་ཁུངས་སྣ་ཚོགས་གསར་གཏོད་དང་བསྡུ་སྒྲིལ་བྱས་ཏེ་འབྲོག་ཁུལ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། རྡོ་དམར་གྲོང་ཚོ་བྲག་རུ་ཚོགས་ཆུང་གིས་ཏང་ཡོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མ་རྐང་ལ་ཞུགས་འདོད་ཡོད་རུང་ཕྱུགས་རིགས་མེད་པའི་དོན་དངོས་ལ་དམིགས་ཏེ་ཕྱུགས་རིགས་ཡོད་པའི་ཏང་ཡོན་དུད་ཚང་དང་ཕྱུག་པོའི་དུད་ཚང་གིས་དུད་ཚང་དབུལ་པོར་ཕྱུགས་རིགས་གཡར་བའམ་ཡང་ན་ཞལ་འདེབས་ཕུལ་ཏེ་མ་རྐང་ལ་ཞུགས་པའི་གནད་དོན་ཐག་གཅོད་བྱས་ཡོད། མཉམ་ལས་རྩ་འཛུགས་ལ་ཁྱོན་ཕྱུགས་རིགས་1510ཡོད་པའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་8ཀྱིས་མ་རྐང་ལ་ཕྱུགས་རིགས་362བཞག་ཡོད་པ་དང་ཏང་ཡོན་དུད་ཚང་5དང་ཕྱུག་པོའི་དུད་ཚང་1གིས་མ་རྐང་ལ་ཕྱུགས་རིགས་486བཞག་ཡོད་པ་རེད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཡོད་པའི་བོད་ཤར་ལྷོའི་ཁུལ་དུ་ས་ཞིང་གཞན་སྒྱུར་བྱས་ནས་མང་ཚོགས་ལ་ཐོན་ལས་ཀྱི་ཕན་པ་སྐྲུན་གྱི་ཡོད། ཉེ་དུས་ཉིན་ལྟར་མི་50ལྷག་ཙམ་གྱིས་ཉིང་ཁྲིའི་དེང་རབས་ཀུ་ཤུའི་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞིར་ལས་ལ་བྲེལ་བཞིན་ཡོད་པ་རེད། ཁོ་ཚོས་ནང་སའི་ཤིང་འབྲས་ལས་རིགས་ཀྱི་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་ཡལ་གཅོད་རྒྱག་པ་དང་། ས་ཁོད་སྙོམས་པ། ཆུ་ཡུར་གསར་སྐྲུན་བཅས་བྱེད་ཀྱི་ཡོད།

    མྱུ་གུ་འཛུགས་བཞིན་པའི་ཚེ་རིང་བདེ་སྐྱིད་ཀྱིས་གསར་འགོད་པར་ས་ཞིང་གཞན་སྒྱུར་བྱས་རྗེས་ལོ་ལྟར་བོགས་དངུལ་སྒོར་ཁྲི་3རེ་འདུག་ཅེས་བཤད། ན་ནིང་ཁོང་ཚོའི་ཁྱིམ་ལ་ས་འཕུལ་འཕྲུལ་འཁོར་ཞིག་ཉོས་པ་དང་བཟའ་ཟླ་བསྟན་འཛིན་ཉི་མ་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་གླ་པར་སྐྱོད་ཀྱི་ཡོད་པས་ལོར་ཡོང་འབབ་སྒོར་ཁྲི་7ཙམ་ཡོད་པ་མ་ཟད། ཚེ་རིང་བདེ་སྐྱིད་ཀྱིས་རྟེན་གཞིར་ལས་ཀ་བྱས་པར་ཡོང་འབབ་སྒོར་ཁྲི་1ཙམ་ཡོད་པ་རེད།

    རྟེན་གཞི་དེས་ས་ཞིང་གཞན་སྒྱུར་བྱས་པ་ལས་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་མཉམ་སྤྱོད་དང་ཆུ་དང་རྫས་ལུད་གཞི་གཅིག་ཅན་དང་དེ་བཞིན“ཤིང་འབྲས་དང་། གཟན་རྩྭ། ཕྱུགས་རིགས”བཅས་འཁོར་སྐྱོད་བྱས་ཏེ་རྒྱལ་ནང་གི་ཅུང་སྔོན་ཐོན་གྱི་ཀུ་ཤུ་སྦྱར་ག་སྤྲོད་པ་དང་ལེགས་བསྡུས་ཞིབ་གཉེར་གྱི་ནུས་ཆེའི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་འདི་ལོ་རྟེན་གཞིས་ན་ནིང་གི་མུའུ་1100ནས་ད་ལོ་2300བར་རྒྱ་ཆེར་བཏང་སྟེ་ལིང་པ་དང་གསེར་ཨའོ་སོགས་གྲོང་ཚོ་7གྱི་དུད་ཚང་300ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་རེད།

    དེ་དང་དུས་མཚུངས་བོད་ཀྱིས་ད་དུང་ཚན་རྩལ་བཀོལ་སྤྱོད་ལ་སྣང་ཆེན་བྱས་ཏེ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཞིང་། འདི་ལོ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང(གྲོང་རྡལ)བཅས་རིམ་བཞིའི་ཞིང་འབྲོག་ཚན་རྩལ་མི་སྣ་2627སྒྲིག་འཛུགས་བྱས་ཏེ་འཐབ་ས་དང་པོར་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་པར་མངགས་རྒྱུ་རེད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལོ་41ལ་སླེབས་པའི་ཞིང་ལས་ལག་རྩལ་ལས་བྱེད་པ་བསམ་གྲུབ་ནི་དེའི་ཁྲོད་ཀྱི་གཅིག་རེད། 2013ལོ་ནས་2018ལོ་བར་དིང་རི་རྫོང་གྲམ་སོ་ཤང་མཐོང་ལས་གྲོང་ཚོར་ཧྲུའུ་ཅི་དང་པོའི་འགན་ཁུར་ཡོད། ཁོང་གིས“འདི་གར་ཞིང་གི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་དང་། ཞིང་ལས་ཐོན་རྫས་ཀྱི་གྲུབ་ཆ་རྐྱང་པ་ཡིན་པ། ཞིང་ལས་འཕྲུལ་ཆས་ཅན་གྱི་ཚད་གཞི་དམའ་པོ་རེད”ཅེས་བཤད། ས་གནས་དེ་གས་དེ་སྔོན་ནས་ནག་འདེབས་མྱོང་བས་ཁོང་ཚོས་འདེབས་ཁྱོན་རྒྱ་ཆེར་གཏོང་རྩིས་ཡོད་པ་རེད། ནས་ནག་འཚོ་བཅུད་ཆེ་བ་མ་ཟད། ད་དུང་གཅིན་སྙི་ཟགས་ཁུའི་ནད་འགོག་ཐུབ་པ་དང་ཐན་འགོག་ནུས་པ་རིགས་གཞན་ལས་དེ་བས་ཆེ་བ་ཡོད་པ་རེད།

    “ད་ཆ་ཞིང་དུ་གང་ཞིག་འདེབས་དགོས་པ་དང་། ག་དུས་འདེབས་དགོས་པ། ལོ་ཏོག་གང་ཞིག་ཁྲོམ་རར་ཕན་འབྲས་ལེགས་པ་ཡོད་པ་བཅས་ཚང་མ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད” ལོ་ལྔ་ཡི་གསོ་སྦྱོང་ལག་ལེན་ལས་གྲོང་མི་བཀྲ་ཤིས་ཚན་རྩལ་ཆེད་མངགས་པར་གྱུར་ཡོད། མིག་སྔར་མཐོང་ལས་གྲོང་ཚོའི་ནས་ནག་དང་། འདྲེ་ཚེར་ནག་པོ། ཞོག་ཁོག་དམར་པོ་སོགས་ལ་ཁྲོམ་རའི་འགྲན་རྩོད་ཆེན་པོ་ལྡན་ནས་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་སྲོལ་རྒྱུན་གྱི་ཐོན་ལས་ལ་སླར་ཡང་སྐྱེ་སྟོབས་མངོན་བཞིན་ཡོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།