འབྲོག་པ་མང་ཚོགས་བདེ་མོའི་ཐང་ལ་སྤོས། བདག་མེད་སྲོག་ཆགས་དགའ་བདེའི་དཔལ་ལ་རོལ།
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་བཀོད་སྒྲིག་ས་ཚིགས་ཀྱི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
འདི་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་གནས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་བཀོད་སྒྲིག་ས་ཚིགས་ཡིན་པ།
འདི་ནི་རྐྱང་ཁྱུ་གཅིག་བྱང་རྩྭ་ཐང་སྟེང་རྒྱུག་བཞིན་པ།
འདི་ནི་གཙོད་གཉིས་བྱང་རྩྭ་ཐང་སྟེང་ཟས་འཚོལ་བཞིན་པ།
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་བཀོད་སྒྲིག་ས་ཚིགས་སུ་ཉི་མ་ཚེ་རིང་གི་གཅུང་པོས(མདུན)སྤོ་ལོ་རྩེད་བཞིན་པ།
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་བཀོད་སྒྲིག་ས་ཚིགས་སུ་སྨན་པས་གནས་སྤོས་མང་ཚོགས་ལ་ནད་གཞི་ལྟ་བཞིན་པ།
དུས་རབས་20པའི་ལོ་རབས་70པར་རྩྭ་ཕྱུགས་ཀྱི་འགལ་ཟླ་ཞི་ལྷོད་དུ་གཏོང་ཆེད། འབྲོག་པ་མང་པོ་ཞིག་གིས་ནོར་ལུག་དེད་དེ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་300ལྷག་ཙམ་བསྐྱོད་ནས་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་མི་མེད་ལུང་སྟོང་དུ་མི་ཚེའི་གནས་དང་པོ་དེ་སྤོས་པ་དང་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ། མཚོ་གཉིས་རྫོང་འཛུགས་སྐྲུན་བྱས་ཡོད།
2019ལོའི་ལོ་མཇུག་ཏུ་མི་དང་རང་བྱུང་མཉམ་གནས་ཀྱི་དཀའ་གནད་བསལ་ནས་རི་དྭགས་ལ་དབང་བའི་ཁྱིམ་གཞིས་ཤིག་སྐྲུན་ཆེད། མཚོ་གཉིས་རྫོང་གི་འབྲོག་པ་2900ས་བབ་མཐོ་ཚད་སྨི་3600ཡོད་པའི་ཡར་ཀླུང་གཙང་པོའི་བྱང་ངོས་སུ་མི་ཚེའི་གནས་གཉིས་པ་སྤོས་པ་དང་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།
ཁྱིམ་གཞིས་གསར་པར་སྤོས་ཏེ་འཚོ་བ་གསར་པར་རོལ།
ཆུ་ཀ་ལའི་གཅུས་སྒོ་གློད་པ་དང་སྦྲགས་ཆུ་དྭངས་གཙང་དོན་པ་མཐོང་སྐབས་ལོ་30ལ་སླེབས་པའི་ཚེ་རིང་སྒྲོལ་དཀར་གྱི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
དེ་ནི་ཚེ་རིང་སྒྲོལ་དཀར་གྲང་ངར་ཆེ་བའི་དགུན་དུས་སུ་འཁྱགས་པ་བླངས་ཏེ་འཐུང་ཆུ་གསོག་པའི་ལོ་རྒྱུས་ད་ནས་མཇུག་འགྲིལ་བས་རེད།
ཚེ་རིང་སྒྲོལ་དཀར་གྱི་ཕ་ཡུལ་ནི་བྱང་ཐང་གི་ཐག་རིང་འབྲོག་ཁུལ་མཚོ་གཉིས་རྫོང་དཀར་མཚོ་ཤང་ནས་ཡིན་ཞིང་། མཚོ་གཉིས་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡིན་པ་དང་། དེ་གར་གསོ་རླུང་འདུས་ཚད་ནང་སའི་40%ལས་མེད་པས“དཀའ་ཚེགས་ཆེ་བའི་ཁུལ”ཞེས་འབོད་ཀྱི་ཡོད་ལ། མིའི་ཆ་སྙོམས་ཚེ་ཚད་ལོ་58ཡིན་པ་དང་། བོད་ཡོངས་ཀྱི་མིའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལས་ལོ་12ཐུང་བ་ཡོད།
བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆགས་པའི་མཚོ་གཉིས་རྫོང་ནི་གཙོད་དང་། རྐྱང་། འབྲོང་སོགས་འཚོ་གནས་གནས་སྤོ་བྱ་ཡུལ་གྱི་ཁུལ་ཁོངས་གལ་ཆེན་ཞིག་རེད།
མི་འབོར་ཇེ་མང་དུ་ཕྱིན་པ་དང་ཆབས་ཅིག དེ་གའི་མི་ཕྱུགས་དང་བདག་མེད་སྲོག་ཆགས་དབར་གྱི་འཚོ་གནས་བྱ་ཡུལ་ཧབ་ཐོབ་རྒྱག་པའི་འགལ་ཟླའང་ཇེ་ཆེར་འགྲོ་བཞིན་ཡོད། ལྷག་དོན་དུ་དེ་གར་ས་ཐག་རིང་ལ་ཁོར་ཡུག་ཞན་པ་དང་མ་འཇོག་གི་མ་གནས་མཐོ་བ་མ་ཟད། འཐུང་ཆུའི་དཀའ་ངལ་ཆེ་བ་དང་། སློབ་གྲྭར་སྐྱོད་དཀའ་བ། ནད་བསྟེན་དཀའ་བ། ཕྱིར་སྐྱོད་དཀའ་བ་བཅས་ཀྱི་དབང་གིས་ས་བབ་ཤིན་ཏུ་མཐོ་ཁུལ་དུ་འཚོ་གནས་བྱེད་མཁན་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད།
2019ལོའི་ལོ་མཇུག་ཏུ་བོད་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་ལག་ལེན་བསྟར་བ་དང་བསྟུན། ཚེ་རིང་སྒྲོལ་དཀར་ཡང་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་ཆགས་པའི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོར་སྤོས།
སྲིན་བུ་རི་གྲོང་ཚོར་བོད་བཟོའི་སྡོད་ཁང་གསར་རྐྱང་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པ་དང་། དུད་ཁྱིམ་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་མ་ཟད། ད་དུང་ལེ་ལག་ཚང་བའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་བྱེད་སྒོའི་ལྟེ་གནས་ཡོད་པ་དང་། བཀོད་སྒྲིག་ས་ཚིགས་ཀྱི་ཉེ་འཁོར་དུ་སྨན་ཁང་དང་། སློབ་གྲྭ ཁྲོམ་ར་སོགས་གང་དགོས་ཚང་མ་ཡོད་པའི་ཁར་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་པོ་ཡོད་པ་གསར་འགོད་པས་མཐོང་བྱུང་།
“འདི་གའི་དགུན་ཁ་ཕ་ཡུལ་མཚོ་གཉིས་ཀྱི་དབྱར་ཁ་ལྟར་རེད། ཕ་ཡུལ་དང་བསྡུར་ན་འདི་གར་ས་བབ་སྨི་1400ལྷག་ཙམ་གྱིས་དམའ་བ་འདུག གནམ་གཤིས་དྲོ་པོ་ཡོད་པས། དབུགས་གཏོང་བདེ་རུ་ཕྱིན་འདུག་ལ་གཉིད་ཀྱང་སྐྱིད་པོ་ཁུག་གི་འདུག འཚོ་བའི་གང་ས་ཅི་ཐད་ལའང་ཧ་ཅང་སྟབས་བདེ་འདུག”ཅེས་ལོ་75ལ་སླེབས་པའི་རྡོ་རྗེ་སྒྲོལ་མས་བཤད།
བགྲེས་སོང་པད་མའི་ཚེ་གང་གི་གནས་སྤོ་ཐེངས་གཉིས།
“ངས་ཚེ་འདིར་གནས་ཐེངས་གཉིས་སྤོས་པས་ཁྱིམ་གསུམ་ཡོད། མ་གཞི་གནས་སྤོ་ཐེངས་རེ་ལ་བསམ་བློ་མང་པོ་འཁོར་གྱི་འདུག་ལ་ཐེ་ཚོམ་ཡང་མང་པོ་སྐྱེ་ཡི་འདུག འོན་ཀྱང་དེ་གར་སྤོས་རྗེས་བསམ་ཚོད་ལས་ཧ་ཅང་སྐྱིད་པ་འདུག”ཅེས་གནས་སྤོའི་སྐོར་གླེང་སྐབས་ལོ་77ལ་སླེབས་པའི་བགྲེས་སོང་པད་མས་ཡུན་རིང་སེམས་ལ་ཉར་བའི་སྐད་ཆ་བཤད།
པད་མའི་ཁྱིམ་དང་པོ་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་ཡོད་ཅིང་། དེ་གར་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཡོད།
དུས་རབས་20པའི་ལོ་རབས་70པར། ཤན་རྩ་རྫོང་ནི་སྐབས་དེ་དུས་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྫོང་ཞིག་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་30ལྷག་ཙམ་ཡོད།
“རྫོང་དཔོན་གྱི་ལས་ཀ་གལ་ཆེན་ཞིག་ནི་རྩྭ་རའི་རྩོད་གཞི་འདུམ་འགྲིག་བྱ་རྒྱུ་དེ་རེད། ཡིན་ནའང་འབྲོག་པར་གནས་སྐབས་ཀྱི་སེམས་གསོ་གཏོང་བ་ལས་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་ཀྱི་མེད་པས་ལས་བྱེད་པ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་གྱི་ཡོད”ཅེས་སྐབས་དེ་དུས་ཤན་རྩ་རྫོང་གི་རྫོང་དཔོན་ཡིན་པའི་བློ་བཟང་རྟ་མགྲིན་གྱིས་དྲན་གསོའི་རྩོམ་ཡིག་ཅིག་གི་ནང་དེ་ལྟར་བྲིས་ཡོད།
བློ་བཟང་རྟ་མགྲིན་གྱིས་ཇི་ལྟར་བྱེད་དགོས་མིན་ཐད་ལས་བྱེད་པ་ཚོ་དང་གྲོས་བསྡུར་བྱས་རྗེས་བྱང་རྒྱུད་ཀྱི་མི་མེད་ལུང་སྟོང་བསམ་བློ་འཁོར།
དུས་རབས་20པའི་དུས་དཀྱིལ་དུ། ཕྱི་རྒྱལ་གྱི་མྱུལ་དཔྱད་པ་ཁག་གཅིག་སྔ་རྗེས་སུ་བོད་བྱང་ཐང་དུ་ཡོང་ཞིང་། ཁོང་ཚོས་བྲིས་པའི་རྩོམ་ཡིག་ནང་བྱང་རྩྭ་ཐང་ནི་གྲང་ངར་ཧ་ཅང་ཆེ་བའི་མི་མེད་ལུང་སྟོང་ཞིག་དང་ཕྱུགས་རིགས་འཚོ་ཐབས་བྲལ་བའི་ས་ཆ་ཞིག་རེད་ཅེས་བཀོད་ཡོད།
ཡིན་ནའང་འཚོ་གནས་ཀྱི་ཆེད་དུ། བྱང་རྩྭ་ཐང་གི་མི་མེད་ལུང་སྟོང་དུ་རྒྱང་སྐྱོད་བྱེད་འགོ་ཚུགས།
1971ལོ་ནས་བཟུང་། བློ་བཟང་རྟ་མགྲིན་དང་ལས་བྱེད་པ་ཚོས་སྔ་རྗེས་སུ་རུ་ཁག་འཁྲིད་དེ་མི་མེད་ལུང་སྟོང་དུ་རྟོག་ཞིབ་ལ་ཐེངས་བཞི་བསྐྱོད་ཅིང་། དེ་ནི་མི་དང་རང་བྱུང་ཁམས་དབར་གྱི་དམར་འཛིང་ཞིག་ཡིན་ཏེ། ཐེངས་ཤིག་ཁོང་ཚོ་གཉིད་དུ་ཡུར་བའི་སྐབས་རླུང་འཁོར་དྲག་པོ་ཞིག་ལྡང་ནས་སྦྲ་གུར་དང་ཅ་དངོས་ཚང་མ་འཁྱེར།
1976ལོའི་ལོ་འགོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་མེད་ལུང་སྟོང་དེ་གསར་སྤེལ་བྱ་རྒྱུའི་གཏན་འབེབས་བྱས།
“མི་སེར་ལ་གནས་སྤོས་སྐུལ་སློང་གི་བསམ་བློའི་སློབ་གསོ་ཧ་ཅང་གཏོང་ཁག་པོ་འདུག”“ལྷོ་རྒྱུད་ཀྱི་རྩྭ་ར་མ་གཞི་ཡག་པོ་མེད་ནའང་ས་བབ་དམའ་བ་མ་ཟད་འབྲོག་པ་མི་རབས་ནས་མི་རབས་དེ་གར་འཚོ་བ་བསྐྱལ་ཡོད། ཡིན་ནའང་བྱང་རྒྱུད་མི་མེད་ལུང་སྟོང་དུ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པས་འབྲོག་པ་མང་པོ་ཞིག་སྤོ་འདོད་བྱེད་ཀྱི་མི་འདུག”ཅེས་པད་མས་བཤད།
ལས་བྱེད་པ་ཚོས་ངང་རྒྱུད་རིང་པོས་འགྲེལ་བཤད་དང་གོ་བསྐོན་བློ་འགུག་བྱས་པ་བརྒྱུད། བསམ་བློ་མ་ཐོངས་པའི་འབྲོག་པ་ཁག་གཅིག་གཞི་ནས་བསམ་བློ་ཐོངས་ནས། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གནས་སྤོ་ཆེན་པོ་ཞིག་བྱེད་འགོ་ཚུགས། འབྲོག་པ་2053གྱིས་ནོར་ལུག་ཁྲི་16ཙམ་དེད་དེ་ངོ་མཚར་ཆེ་བའི་གནའ་བོའི་རྩྭ་ཐང་དེར་སྤོས།
དེ་ནས་བཟུང་། ཡུན་རིང་གཉིད་དུ་ཡུར་བ་ལྟ་བུའི་རྩྭ་ཐང་གི་ཁུ་སིམ་ཁད་ཀྱིས་དཀྲོགས་པ་དང་དཀའ་ཚེགས་ཆེ་ཁུལ་དུ་འབྲོག་པ་རྣམས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།
པད་མས་ཡུལ་མི་སྤུན་ཟླ་ཚོའི་སྣེ་འཁྲིད་དེ་མི་མེད་ལུང་སྟོང་དེར་གཞིས་ཚུགས་ནས་མཚོ་གཉིས་རྫོང་དཀར་མཚོ་ཤང་དུ་ཁྱིམ་གཞིས་གསར་པ་བསྐྲུན། དུས་རབས་ཕྱེད་ཙམ་གྱི་འཛུགས་སྐྲུན་བྱས་པ་བརྒྱུད། མི་མེད་ལུང་སྟོང་དུ་ཐོག་ཁང་བརྒྱབ་པ་དང་གློག་ཀྱང་འཁྲིད། 2012ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་གཉིས་རྫོང་འཛུགས་རྒྱུའི་མོས་མཐུན་གནང་རྗེས་མཚོ་གཉིས་རྫོང་འདི་ཉིད་ཀྲུང་གོའི་རྫོང་གསར་ཤོས་ཤིག་དང་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཏུ་གྱུར།
“མཚོ་གཉིས་སུ་དཀའ་ཚེགས་ཆེ་མོད། ཡིན་ནའང་རང་ཉིད་ཀྱིས་དཀའ་ལས་མང་པོ་བརྒྱབ་ནས་ལོ་40ཙམ་བསྐྲུན་པའི་ཁྱིམ་ནས་བྲལ་དགོས་དུས་དངོས་ནས་བྲལ་ཕོད་ཀྱི་མི་འདུག་ལ་དང་ཐོག་སྤོ་འདོད་ཀྱང་མི་འདུག”ཅེས་དེ་སྔའི་དཀར་མཚོ་ཤང་གི་ཏང་ཨུད་ཧྲུའུ་ཅི་པད་མས་བཤད།
ཚེ་སྲོག་གི་ཁྱིམ་གཞིས།
སྲིན་བུ་རིའི་ཁང་པ་གསར་པར་ལོ་15ལ་སླེབས་པའི་ཉི་མ་ཚེ་རིང་དང་གཅུང་པོ་གཅུང་མོས་གསར་འགོད་པར་མཚོ་གཉིས་ནས་ཕ་མས་བསྐུར་བའི་བརྙན་ཐུང་ཡོད་པ་མཐོང་སྐབས་དགའ་བའི་འཛུམ་གྱིས་མྱོས། ཁོང་ཚོའི་རྒྱུན་གཏན་གྱི་འཚོ་བར་ལོ་60ལ་སླེབས་པའི་རྨོ་བོ་བདེ་ཆེན་གྱིས་ལྟ་རྟོག་བྱེད་ཀྱི་ཡོད།
སྲིན་བུ་རི་ནས་སྤྱི་ལེ་སྟོང་གིས་ཆོད་པའི་མཚོ་གཉིས་རྫོང་ཡག་ཆུ་ཤང་གི་འབྲོག་རར་ཉི་མ་ཚེ་རིང་གི་ཕ་བཀྲ་ཤིས་གྲང་ངར་ཆེ་བའི་ལྷགས་པའི་ཁྲོད་དུ་ལུག་500ལྷག་ཙམ་འཚོ་བཞིན་ཡོད་པ་དང་། མ་ནོར་འཛིན་ནི་གཙང་པོའི་འཁྱགས་པ་བཅགས་ཏེ་ལེན་བཞིན་ཡོད།
མི་རྣམས་སྤོས་རྗེས་ནོར་ལུག་གི་གནད་དོན་ཐག་གཅོད་བྱ་ཆེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལོ་འགའ་ཤས་ཀྱི་བར་བརྒལ་དུས་ཚོད་བཟོས་ནས་གནས་སྤོ་མཁན་གྱི་གྲོང་ཚོ་གཞིར་བཟུང་མཉམ་ལས་ཁང་བཙུགས་ཏེ་གནས་སྤོས་མང་ཚོགས་ཀྱི་རྩྭ་ར་དང་ནོར་ལུག་སོགས་མ་རྐང་ནང་བཅུག་པ་དང་། གཞོན་ནུ་དང་དར་མ་ཁག་གཅིག་དེ་གར་བསྡད་དེ་ཕྱུགས་རིགས་གཅིག་གྱུར་ཐོག་འཚོས་ནས་ཕྱུགས་རིགས་དང་འཚོ་བའི་དཀའ་ངལ་གནས་སྐབས་ཐག་གཅོད་བྱས་པ་རེད།
བར་བརྒལ་དུས་ཚོད་ཐིམ་རྗེས། དེ་གར་བསྡད་པའི་གཞོན་ནུ་དང་དར་མ་རྣམས་སྲིན་བུ་རིའི་ཁང་པ་གསར་པར་ནང་མི་དང་མཉམ་འཛོམས་ཡོང་རྒྱུ་རེད། དེ་སྔ་མི་མེད་ལུང་སྟོང་ཡིན་པ་ནས་ད་ལྟ་སླར་ཡང་མི་མེད་ལུང་སྟོང་དུ་གྱུར་ཏེ་རི་དྭགས་ཀྱི་དགའ་ཚལ་དུ་འགྱུར་རྒྱུ་རེད།
ཇི་ལྟར་བྱས་ནས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་ཡོད་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས་སམ།
2019ལོའི་ཟླ་3པར། སྲིན་བུ་རི་གནས་སའི་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གིས་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་དོ་དམ་ཅུས་བཙུགས་ཏེ་མིག་སྔ་དང་ཕུགས་ནས་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་སོགས་ཀྱི་གནད་དོན་ལ་སྤྱི་འདོམས་འཆར་འགོད་བྱས་ཡོད།
བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་དོ་དམ་ཅུས་ཀྱི་ཅུས་ཀྲང་པད་མ་དབང་གྲགས་ཀྱིས། ལྷོ་ཁ་གྲོང་ཁྱེར་གྱིས་སྲིན་བུ་རིའི་དེང་རབས་འབྲོག་ར་དང་། སྒྲིག་བཀོད་ཞིང་ལས། དཔལ་འབྱོར་འབྲས་ཤིང་རྣམ་གྲངས་སོགས་འཆར་འགོད་བྱས་ཏེ་གནས་སྤོས་མང་ཚོགས་ལ་ལས་ཞུགས་ལས་གནས་འདང་ངེས་གཏོད་རྩིས་ཡོད་ཅེས་བཤད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོའི་འཆར་འགོད(2018ལོ་ནས་2025ལོ་བར)ཆེད་མངགས་བཟོས་ཡོད། དེ་ས་བབ་མཐོ་ཚད་སྨི་4800ཡན་གྱི་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་ནག་ཆུ་དང་། མངའ་རིས། གཞིས་རྩེ་སོགས་ས་ཁུལ་དང་གྲོང་ཁྱེར་3གྱི་རྫོང་20ཡི་ཤང་དང་གྲོང་རྡལ་97གྱི་གྲོང་ཚོ་450ཡི་མི་ཁྲི་13ལྷག་ཙམ་དང་འབྲེལ་བ་ཡོད། དེའི་ཁྲོད་ནས་མི་ཁྲི་10ལྷག་ཙམ་ཡར་ཀླུང་གཙང་པོའི་ངོགས་སུ་གནས་སྤོ་བཀོད་སྒྲིག་བྱས་ཏེ། བྱེད་ནུས་ཆ་ཚང་ལ་གཞི་ཁྱོན་ངེས་ཅན་ལྡན་པའི་དེང་རབས་ཀྱི་གྲོང་རྡལ་ཞིག་ཏུ་གཏོད་རྒྱུ་རེད།
བོད་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ས་ཆ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་བཀྲ་ཤིས་རྡོ་རྗེས“གཞི་ཁྱོན་འདི་ལྟ་བུའི་ས་ཁོངས་བརྒལ་ནས་གནས་སྤོ་བའི་དམིགས་ཡུལ་ནི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཚོར་ཚེ་སྲོག་བདེ་འཇགས་འགན་ལེན་གྱི་ཆུ་ཚད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་དེ་བས་མཐོ་པོ་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་མ་ཟད། མིའི་རིགས་ཀྱི་འགུལ་སྐྱོད་ཉུང་དུ་བཏང་སྟེ་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ལྷིང་འཇགས་ཀྱི་འཚོ་གནས་ཁོར་ཡུག་ཅིག་བསྐྲུན་ཆེད་ཀྱང་རེད”ཅེས་བཤད་པ་རེད།
བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་ལ་ཡུན་རིང་དོ་ཁུར་བྱེད་མཁན་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས། ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་སྣོད་བཅུད་གནས་སྤོ་བྱས་ན་སྣོད་བཅུད་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། མང་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་ལ་ཕན་པ་ཡོད་ཅེས་བཤད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ཀྱི་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་ཕྱོགས་ཡོངས་ནས་མཇུག་འགྲིལ་རྗེས་བོད་ཀྱི་ས་ཆ་སྤྱི་ལེ་ངོས་གྲུ་ཁྲི་35ཙམ་སོར་ཆུད་ཐུབ་རྒྱུའི་ནང་སྤྱི་ལེ་ངོས་གྲུ་ཁྲི་28སྲུང་སྐྱོང་ཁུལ་ཡིན་པ་རེད། དེས་གནས་སྤོ་སའི་སྣོད་བཅུད་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུར་ཕན་པ་དང་། ན་ཁ་ཁྱབ་ཚད་10%ནས་20%བར་མཐོ་རུ་འགྲོ་རྒྱུ་དང་ཐང་རྒོད་རྩྭ་ཐང་དུ་འགྱུར་ཚད་5%ནས་10%བར་མཐོ་རུ་འགྲོ་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣