དབུ་ཤོག>ཆེད་སྒྲིག
  • བུས་ཟ་ཁང་བཙུགས་པ་དང་བུ་མོ་སློབ་ཆེན་ལ་རྒྱུགས་འཕྲོད་སོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-29

    ཨེན་ཧུད་ལྡུམ་རའི་སྡེ་ཁུལ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་ཤིག་ཡིན་པ་དང་བཀོད་སྒྲིག་ཁང་པ་སྟར་པ་རེ་རེ་བཞིན་གྲལ་འགྲིག་པོས་གནས་ཤིང་། ཆུ་དང་། གློག དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཁག་འཐུས་སྒོ་ཚང་བ་དང་། ཞབས་ཞུ་ལྟེ་གནས་དང་། སྒོ་རྩིས་ཚོང་ཁང་། ལུས་སྦྱོང་བྱ་ཡུལ་སོགས་འཚོ་བའི་སྒྲིག་བཀོད་འཐུས་སྒོ་ཚང་བ། གཙང་ལ་རྒྱ་ཆེ་བའི་ཨར་འདམ་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་གནས་སྤོས་མང་ཚོགས་རྣམས་དེ་གར་གྲོང་ཁྱེར་གྱི་མི་དང་འདྲ་བའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

    གསར་འགོད་པ་ལོ་43ལ་སླེབས་པའི་གནས་སྤོས་མང་ཚོགས་ཚེ་རིང་བག་གྲོའི་ཁྱིམ་དུ་སླེབས་སྐབས་ཁོང་གིས་ནང་མི་ཚོ་དང་མཉམ་དུ་ཚོམས་ཆེན་ནང་ཇ་འཐུང་བཞིན་ཅི་འཕྲོས་མོལ་འཕྲོས་ཤོད་ནས་བསྡད་ཡོད། ཚེ་རིང་བག་གྲོས་གསར་འགོད་པར“གནས་སྤོས་མ་བྱས་གོང་ང་ཚོ་ནང་མི་ལྔ་པོ་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཁར་གདོང་གྲོང་ཚོར་སྡོད་ཀྱི་ཡོད། སྐབས་དེ་དུས་ཁྱིམ་ཚང་ནང་རྒན་རྒོན་དང་ཕྲུ་གུ་ཡོད་པ་དང་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་ངས་ལྷ་སར་གནས་སྐབས་ཀྱི་གླ་པ་རྒྱུག་ནས་བྱུང་བའི་ཡོང་འབབ་ཏོག་ཙམ་དང་ཁྱིམ་གྱི་ཞིང་ཁ་ནས་བྱུང་བའི་ཡོང་འབབ་ཡིན། ལོ་གཅིག་སོང་རྗེས་གཏོང་སྒོ་ཚང་མ་ཕུད་རྗེས་དངུལ་མང་པོ་ལྷག་གི་མེད། ལོ་ལྟར་དཔྱིད་འདེབས་དང་སྟོན་བསྡུའི་དུས་སུ་ང་ལྷ་ས་ནས་ལྷུན་གྲུབ་ཏུ་ལོག་དགོས་སྟབས་དངུལ་གསོག་པའི་གོ་སྐབས་མང་པོ་ཤོར་གྱི་འདུག ད་ལྟ་ལྷ་སར་སྤོ་རྒྱུ་བྱུང་བ་དེ་ང་ཚོའི་ནང་མི་ཚང་མའི་ཕུགས་བསམ་ཡིན”ཞེས་བཤད།

    2016ལོའི་ཟླ་10པར། རྒྱལ་ཁབ་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཚེ་རིང་བག་གྲོའི་ནང་མི་རྣམས་ལྷ་སའི་ཨེན་ཧུད་ལྡུམ་རའི་སྨི་ངོས་གྲུ་109ཡོད་པའི་སྡོད་ཁང་གསར་པ་ཞིག་ཏུ་སྤོས་ཡོད། སྤོས་ནས་ཡུན་རིང་མ་སོང་བར་ཚེ་རིང་བག་གྲོ་དང་བཟའ་ཟླ་གཉིས་པོ་ད་དུང་དམངས་ཕན་སྲིད་ཇུས་བརྒྱུད་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་། ནང་མི་ཡོངས་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཡོད། ཚེ་རིང་བག་གྲོ་ད་དུང་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་ཨེན་ཧུད་ལྡུམ་རའི་སྡེ་ཁུལ་གྱི་ཀྲུའུ་རེན་ལ་གྱུར་ཡོད་པ་རེད།

    “ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་སྤོས་རྗེས། ཁོ་ཚོའི་ཁྱིམ་ཚང་བདེ་སྐྱིད་ཀྱི་ཕྱོགས་སུ་སྤྱོད་འགོ་ཚུགས། བུ་ཟླ་བ་རྒྱལ་མཚན་གྱིས་ཁྲེང་ཀོན་ཆུས་ཀྱི་དམངས་ཕན་རྣམ་གྲངས་བརྒྱུད་མ་བྱན་གྱི་ལག་རྩལ་རིན་མེད་ངང་སྦྱངས་པ་དང་། ད་ལྟ་ཁོང་གིས་ཉིང་ཁྲིར་བོད་ཟས་ཁང་ཞིག་བཙུགས་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་6ཙམ་ཡོད་པ་དང་། 2019ལོར་བུ་མོ་རྒན་པ་སྐལ་བཟང་བདེ་སྐྱིད་ནང་སའི་གཙོ་གནད་སློབ་ཆེན་དུ་རྒྱུགས་འཕྲོད་ནས་སློབ་ཆེན་འགྲིམ་རིང་གི་སློབ་ཡོན་ཐད་འབྲེལ་ཡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་པ། བུ་མོ་ཆུང་བ་བསྟན་འཛིན་པད་མ་ད་ལྟ་སྣེའུ་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་སྦྱངས་འབྲས་ཀྱང་ཐོག་མཐའ་བར་གསུམ་དུ་མདུན་གྲལ་དུ་སླེབས་ཀྱི་ཡོད། ད་ལྟ་ང་དང་བཟའ་ཟླའི་གླ་ཆ་བསྡོམས་ན་ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་6000ལྷག་ཙམ་ཡོད”ཅེས་ཚེ་རིང་བག་གྲོས་དགའ་སྤྲོའི་ངང་བཤད།

    ཚེ་རིང་བག་གྲོའི་ཁྱིམ་སྤོས་པ་ལས་བྱུང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ནི་ཨེན་ཧུད་ལྡུམ་རའི་སྡེ་ཁུལ་གྱི་མཚོན་བྱེད་ཙམ་ཞིག་རེད། ཨེན་ཧུད་ལྡུམ་རར་ཁྲེང་ཀོན་ཆུས་དང་། ལྷུན་གྲུབ་རྫོང་། མཁའ་འགྲུལ་ཁུལ་གསར་བཅས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གནས་སྤོས་མང་ཚོགས་དུད་ཚང་700ཡི་མི་2848ཡོད། གནས་སྤོས་མང་ཚོགས་ལ་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་གནས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་ཆེད། སྡེ་ཁུལ་གྱིས་ཁྲེང་ཀོན་ཆུས་ཀྱི་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་དང་ཁྲེང་ཀོན་ས་གཙང་ཀུང་སི་དང་མཉམ་ལས་བྱས་ནས“དུད་ཚང་རེར་ལས་གནས་རེ་དང་དུད་ཚང་རེར་ལས་གནས་མང་པོའི”རྣམ་པ་གཞིར་བཟུང་ཐག་ཉེ་ས་དང་སྟབས་བདེ་སར་གནས་སྤོས་མང་ཚོགས་1300ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས་ཟླ་རེར་གླ་ཆ་སྒོར་2500ནས་སྒོར་3500བར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།