དབུ་ཤོག>ཆེད་སྒྲིག
  • བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་འཕྲིན་སྤེལ་དང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-28

    718619_yis_1585281449297_s.jpg

    འདི་ནི་ཉེ་ཆར་བྲག་ཡིབ་ཆུས་སྨན་རི་ཤང་ཆུ་གཉིས་གུང་དཀར་གྲོང་ཚོའི་སྐར་མ་དོན་གྲུབ་དང་བུ་བསྟན་འཛིན་དབང་གྲགས་ཀྱིས་རྒྱལ་དར་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    ལོ་61གོང་གི་དེ་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་གངས་ལྗོངས་ས་མཐོར་རྦད་དེ་མེད་པ་བཟོས་ནས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ། བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཕྱེ་ཡོད།

    ལོ་61རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ལྟ་རེས་སྐྱོང་རེས་དང་བཀའ་དྲིན་བསམ་བཞིན་མདུན་སྐྱོད་བྱས་པར་བརྟེན། བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཏེ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཀྱང་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཏང་གི་བོད་སྐྱོང་མཐའ་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་རང་བཞིན་གྱི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བཏོན་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་གལ་ཆེན་སྔར་བྱུང་མྱོང་མེད་པའི་མཐོ་ཚད་དུ་མཐོར་འདེགས་བྱས་ནས་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་དུས་རབས་གསར་པ་བཏོད་པས། བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་བཅོས་སོགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    ད་ཆ་བདེ་སྐྱིད་ཉི་འོད་འོག་གངས་ལྗོངས་ས་མཐོའི་བུ་ཕྲུག་ཁྲི་340ལྷག་ཙམ་གྱིས་དབུལ་པོ་དང་རྗེས་ལུས་ལོ་རྒྱུས་ཀྱི་གད་གཞོང་ནང་དབྱུགས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་ནས་དེ་བས་འོད་ཟེར་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད།

    སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་རྙིང་པའི“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་ནས་མི་དམངས་དམངས་གཙོའི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱས་པར་བརྟེན། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཆེད། རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་ཆབས་ཅིག་རིམ་པ་ཁག་གི་མི་དམངས་སྲིད་དབང་རིམ་གྱིས་བཙུགས་པ་བརྒྱུད། ཡར་ལངས་བཅིངས་འགྲོལ་ཐོབ་པའི་རྒྱ་ཆེའི་ཞིང་བྲན་ཚོས་བདག་པོའི་རྣམ་འགྱུར་ཐོག་ནས་བོད་ཀྱི་ཆབ་སྲིད་གར་སྟེགས་ཐོག་ཐེངས་དང་པོར་འཛེགས་ཏེ། ཁྲིམས་བཞིན་བདམས་བྱའི་དབང་ཆ་དང་འདེམས་བྱེད་དབང་ཆ་དང་དེ་བཞིན་འདྲ་མཉམ་ངང་བོད་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་བཅས་ལོངས་སུ་སྤྱད་དེ་བོད་གསར་པའི་བདག་པོར་གྱུར་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན། སྐབས་རིམ་བྱུང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིའི་གོ་གནས་བོད་རིགས་སྤྱི་དམངས་ཀྱིས་འཁུར་ཡོད། བོད་ཀྱི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱིས་བརྒྱ་ཆ་དགུ་བཅུ་ཡན་བཟུང་བ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་ལས་བྱེད་པས་བརྒྱ་ཆ་བརྒྱད་ཅུ་བཟུང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“འགོ་ཁྲིད་པར”དངོས་འབྲེལ་གྱུར་ཡོད།

    དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།

    ལོ་61རིང་བོད་ཀྱི་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཟམ་མི་ཆད་པར་འཕར་ཡོད། 2019ལོར་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་13%ཟིན་ནས། རྒྱལ་ཡོངས་ཀྱི་ཨང་དང་པོ་མུ་མཐུད་རྒྱུན་འཁྱོངས་བྱུང་བ་མ་ཟད། ལོ་17བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་མངོན་འགྱུར་བྱུང་ཡོད། བོད་ཀྱི་དཔལ་འབྱོར་ལོ་26བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་བྱུང་བ་དང་། 2019ལོར་བོད་ཀྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་1600ལས་བརྒལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་བཞིན་ཡོད།

    2013ལོ་ནས་བཟུང་རིམ་བརྩིས་བྱས་ན་བོད་དུ། མི་ཁྲི་71དབུལ་སྒྲོལ་བྱུང་བ་དང་2019ལོར་རང་ལྗོངས་ཀྱི་རྫོང་དང་ཆུས་དབུལ་པོ་19ཡི་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་ཡོད། མིག་སྔའི་བར། རང་ལྗོངས་སུ་རིམ་བརྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་74ཚང་མའི་དབུལ་ཞྭ་ཕུད་པ། དབུལ་པོ་དབུལ་རྐྱང་རྩ་བའི་ཆ་ནས་མེད་པ་བཟོས་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ནས་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    སྤྱི་ཚོགས་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    ལོ་རྒྱུས་དེབ་ཐེར་ནང་། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ལོ་ངོ་150རིང་ལྷ་འབྲུམ་ནད་ཡམས་ཆེ་གྲས་ཐེངས་བཞི་ཐོན་པ་དང་། 1925ལོའི་ནད་ཡམས་ཁྲོད་ལྷ་ས་ཁུལ་ཁོ་ནར་མི་7000ཤི་བ་རེད།

    ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱིས་ལོ་རབས་དྲུག་ཅུ་པར་ལྷ་འབྲུམ་དང་། མཛེ་ནད། གྲུམ་བུ་ཚིག་ཆེན་ནད། ཐུམ་འབུའི་ནད་སོགས་གནོད་འཚེ་ཆེ་བའི་འགོ་ནད་དང་ཡུལ་ནད་ཚོད་འཛིན་བྱས་པའམ་ཡང་ན་མེད་པ་བཟོས་ཡོད།

    ད་ཐེངས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ནི། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་དུ་ཐོན་པའི་མཆེད་མགྱོགས་ཤོས་དང་། འགོ་ཁྱོན་ཆེ་ཤོས། སྔོན་འགོག་ཚོད་འཛིན་བྱེད་དཀའ་ཤོས་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཞིག་རེད། དེ་ལྟར་ཡིན་ཡང་། ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་ཡོད། མིག་སྔའི་བར། བོད་དུ་ཐོན་པའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་པ་གཅིག་བུ་དེ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་ཟླ་བ་གཉིས་བསྟུད་མར་གཏན་འཁེལ་གྱི་ནད་དཔེའམ་ཡང་ན་དོགས་གཞི་ཡོད་པའི་ནད་དཔེ་གསར་པ་ཐོན་མེད་པ་དེ་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ལེགས་ཆ་སླར་ཡང་མངོན་ཡོད།

    ལོ་61རིང་དེང་རབས་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་བོད་དུ་ཕྱོགས་ཡོངས་ནས་བཙུགས་པ་དང་། ལྗོངས་དང་གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔར་ཁྱབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་དྲ་བ་རིམ་གྱིས་བསྐྲུན་ཏེ་གཞི་རྩའི་སྨན་བཅོས་དང་། རིམས་ནད་སྔོན་འགོག་ཚོད་འཛིན། མ་བུ་བདེ་སྲུང་། མྱུར་སྐྱོབ་དང་སྐོར་གཡེང་སྨན་བཅོས་བཅས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་བཏང་མ་ཐག་གི་ལོ་35.5ནས་ལོ་70.6བར་མཐོ་རུ་ཕྱིན་ཡོད། རིན་མེད་སྨན་བཅོས་ཀྱིས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱིས་གཙོ་བོར་བྱེད་པ་དང་ཞིང་འབྲོག་པའི་ནད་ཆེན་འགན་བཅོལ་གྱིས་ཁ་གསབ་བྱེད་པའི་སྨན་བཅོས་རོགས་སྐྱོབ་ཟུང་འབྲེལ་གྱི་རིམ་པ་མང་བའི་སྨན་བཅོས་འགན་ལེན་མ་ལག་གྲུབ་པ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲིད་ཇུས་ཁྱབ་ཚད་དང་འགན་བཅོལ་ནང་ཞུགས་ཚད་100%ཟིན་ཡོད། བོད་དུ་གཞི་རྩའི་ཆ་ནས་བྱིས་དུས་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་ཐུབ་པ་བཅས་རྩ་བའི་ཆ་ནས་མངོན་འགྱུར་བྱུང་ཡོད།

    ད་ཆ་བོད་དུ་ཆབ་སྲིད་དར་ཞིང་མི་སེམས་མཐུན་པ་དང་། མི་རིགས་མཐུན་སྒྲིལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་ཏང་དང་མེས་རྒྱལ་ལ་ཕྱོགས་པ་བཅས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།