དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་བཞི་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-27

    དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་ཀྱི་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་བཞི་བརྡ་ཁྱབ་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མཚོ་བཞི་ཤང་གི་དེ་སྔའི་ཏང་ཨུད་ཧྲུའུ་ཅི་ཏུའུ་ཝུན་ཤིན་གྱིས་སྒྲིག་འགལ་ངང་ཉེན་ཡོད་ཁང་པ་སྒྱུར་བཀོད་རྣམ་གྲངས་འཛུགས་སྐྲུན་བཀོད་སྒྲིག་སོགས་ཀྱི་གནད་དོན་ལྷག་ཡོད་པ་སྟེ། 2014ལོ་ནས་2016ལོ་བར། ཏུའུ་ཝུན་ཤིན་གྱིས་བཞད་མཐོང་སྨོན་རྫོང་མཚོ་བཞི་ཤང་གི་ཤང་ཀྲང་དང་ཤང་ཏང་ཨུད་ཧྲུའུ་ཅིའི་འགན་འཁུར་རིང་། ཞིབ་འཇུག་མ་བྱས་པར་རང་འདོད་དུ་ཤང་དེའི་ཉེན་ཡོད་ཁང་པ་24སྒྱུར་བཀོད་ཀྱི་རྣམ་གྲངས་དང་དུད་ཚང་18ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་ཕ་ཡུལ་གཅིག་པའི་ཨར་སྐྲུན་རུ་ཁག་ལ་སྤྲད་པ་མ་ཟད། རིན་ཐང་སྒོར་5540རི་བའི་ལག་རྟགས་བླངས་པ་དང་། མཚོ་བཞི་ཤང་གི་ཨ་བྲ་གསོད་པའི་མ་དངུལ་ནས་སྒོར་ཁྲི་25ལྷག་ཙམ་ཤང་སྲིད་གཞུང་གི་དུས་རྒྱུན་གྱི་འགྲོ་སོང་ཐད་གཞན་སྤྱོད་བྱས་པ་དང་ཆབས་ཅིག ཏུའུ་ཝུན་ཤིན་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད་པས། 2019ལོའི་ཟླ་10པར་ཏུའུ་ཝུན་ཤིན་ལ་ཏང་ནང་ཁུལ་གྱི་གོ་གནས་དང་སྲིད་དོན་གོ་གནས་མེད་པར་བཟོ་བའི་ཆད་པ་བཅད་པ་དང་། རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་གྱི་ལས་ཀ་བཀོད་སྒྲིག་བྱས་ཤིང་། སྒྲིག་འགལ་མ་དངུལ་གཞུང་བཞེས་བཏང་བ་རེད།

    ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་དེ་སྔའི་ཀྲུའུ་རེན་བློ་བཟང་དང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལྷག་པ་ཚེ་རིང་གིས་རང་འགན་གཙང་སྒྲུབ་མ་བྱས་པར་དབུལ་སྐྱོར་རྣམ་གྲངས་9འཛུགས་སྐྲུན་བྱས་རྗེས་རྒྱུན་གཏན་བཞིན་ལས་གཉེར་བྱེད་མ་ཐུབ་པ་སོགས་ཀྱི་གནད་དོན་ལྷག་ཡོད་པ་སྟེ། 2014ལོ་ནས་2016ལོ་བར། བློ་བཟང་དང་ལྷག་པ་ཚེ་རིང་གིས་ལྷུན་རྩེ་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་རིང་། རང་འགན་གཙང་སྒྲུབ་མ་བྱས་པར་ལྷུན་རྩེ་རྫོང་ཞོལ་གསར་ཤང་གི་ལྗང་མདོག་སྣོད་བཅུད་ཕྱོགས་བསྡུས་གསོ་ཚགས་ར་བ་སོགས་རྣམ་གྲངས་9ཡི་འཆར་འགོད་ཇུས་གཞི་ལ་ཞིབ་བཤེར་ནན་པོ་མ་བྱས་པ་ལས་རྣམ་གྲངས་བསྐྲུན་རྗེས་རྒྱུན་གཏན་ལྟར་ལས་གཉེར་བྱེད་མ་ཐུབ་པ་མ་ཟད། ཁེ་སྤོགས་གང་ཡང་མ་རག་པར་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་འཕྲོ་བརླག་བཏང་ཡོད་པ་རེད། 2019ལོའི་ཟླ་9པར། བློ་བཟང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་དོན་གོ་གནས་གཅོག་པའི་ཆད་པ་བཅད་པ་དང་། ལྷག་པ་ཚེ་རིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།

    མངའ་རིས་ས་ཁུལ་སྒར་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་ཡོན་ཏན་གྱིས་རང་འགན་གཙང་སྒྲུབ་མ་བྱས་པར་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་འབྲེལ་ཡོད་གྲངས་གཞིར་ཞིབ་བཤེར་ནན་པོ་མ་བྱས་པ་སོགས་ཀྱི་གནད་དོན་ལྷག་ཡོད་པ་སྟེ། 2017ལོ་ནས་2018ལོ་བར། ཟླ་བ་ཡོན་ཏན་གྱིས་སྒར་རྫོང་ཞིང་འབྲོག་ཅུས་ཀྱི་ལས་ཀ་གཙོ་སྐྱོང་བྱེད་རིང་བྱེད་པོའི་འགན་འཁྲི་ལག་བསྟར་ཡག་པོ་མ་བྱས་པ་ལས་སྒར་རྫོང་གི་2015ལོའི་སྐྱས་སྤོས་རྩྭ་གསོའི་རྣམ་གྲངས་ཀྱི་མྱུར་ཚད་རྗེས་སུ་ལུས་པ་དང་། སྒར་རྫོང་གི་ཤང་3གྱིས་ཚེ་འདས་མི་སྣ་11རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་ལོངས་སྤྱོད་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད་པ། རྒྱལ་ཁབ་ཀྱི་གཞུང་ལས་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་དོན་པ་98ཀྱིས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྒྲིག་འགལ་ངང་ལོངས་སྤྱོད་བྱས་ཏེ། དམངས་ཕན་མ་དངུལ་བསྡོམས་སྒོར་ཁྲི་5.9ལྷག་གཞན་ལ་ཤོར་བ་རེད། 2019ལོའི་ཟླ་10པར་ཟླ་བ་ཡོན་ཏན་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་། སྒྲིག་འགལ་གྱི་མ་དངུལ་གཞུང་བཞེས་བཏང་བ་རེད།

    ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་མཚོ་དམར་ཤང་རྒྱ་འབུར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེས་ལྔ་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྐར་ཆུང་། གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་དང་མཉམ་ལས་ཁང་གི་ལས་འཛིན་དཔོན་གཅིག་ལྕོགས་དཀའ་ཐུབ་བཅས་ཀྱིས་སྒྲིག་འགལ་ངང་རྨང་བརྟན་དམངས་ཕན་གྱི་མ་དངུལ་རང་སོར་བཞག་པ་སོགས་ཀྱི་གནད་དོན་ལྷག་ཡོད་པ་སྟེ། 2018ལོའི་ཟླ་10པར། མཚོ་དམར་ཤང་མི་དམངས་སྲིད་གཞུང་གིས་རྒྱ་འབུར་གྲོང་ཚོའི་མཉམ་ལས་ཁང་ལ་རྨང་བརྟན་དམངས་ཕན་གྱི་གྲོན་དངུལ་སྒོར་ཁྲི་20སྤྲད་རྗེས། ཚེས་ལྔ་དང་། སྐར་ཆུང་། དཀའ་ཐུབ་བཅས་ཀྱིས་ཕྱུགས་ཟོག་མ་ཉོས་པར་མ་དངུལ་བེད་མེད་དུ་འཇོག་རྒྱུར་རང་འགར་ཐག་བཅད་པ་མ་ཟད། ད་དུང་གན་རྒྱ་དང་ཚོགས་འདུའི་ཟིན་ཐོ་རྫུན་བཟོ་དང་། ཁྲལ་འཛིན་རྫུན་བཟོ་བྱས་ནས་རྩིས་ཁྲ་རྫུས་མ་བཟོས་པ་རེད། 2019ལོའི་ཟླ་11པར་ཚེས་ལྔ་དང་། སྐར་ཆུང་། དཀའ་ཐུབ་བཅས་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།

    བརྡ་ཁྱབ་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས“གཟབ་ནན”གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་དང་བརྟན་དུ་བཏང་ནས། སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷོད་གཡེང་མེད་པར་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།