དབུ་ཤོག>ཆེད་སྒྲིག
  • ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-26

    ཚེས་23ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་བལྟས་པའི”སྐོར་གྱི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པའི་ཚུར་ལན་བསམ་འཆར》དང《2019ལོའི་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཞིབ་དཔྱད་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཡིག་ཆའི》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ལྗོངས་ཀྱི་དག་ཐེར་དོན་འཁྱོལ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་པ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་ཀྲུང་དབྱང་གི་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཚུར་ལན་གནད་དོན་གཅིག་ཀྱང་མ་ལུས་པ་དང་ལེན་དང་ཕྱོགས་ཡོངས་ནས་དག་ཐེར་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞན་ཆ་སེལ་བ་དང་དག་ཐེར་དོན་འཁྱོལ་གྱི་ཕན་འབྲས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དང་དབུལ་སྒྲོལ་གྱི་ཕན་འབྲས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་དགོས་ཤིང་། དག་ཐེར་དོན་འཁྱོལ་གྱི་ལས་དོན་དེ“འདུ་ཤེས་བཞི”ཟབ་ཏུ་བཏང་མིན་དང་། “གདེང་ཚོད་བཞི”བརྟན་དུ་བཏང་མིན། “སྲུང་སྐྱོང་གཉིས”ཐུབ་མིན་བཅས་ལ་ཞིབ་དཔྱད་བྱེད་པའི་ཚད་ཤིང་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དམིགས་ས་དང་ཤུགས་རྒྱག་ས་དང་འགོ་འཛུགས་ས་དང་དོན་ལ་བབས་སར་དམ་པོར་དམིགས་ནས་དག་ཐེར་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་། དམ་འཛིན་ནན་པོ། དམ་འཛིན་ཞིབ་ཚགས་བཅས་བྱས་ཐོག དམངས་འཚོ་སྔར་བས་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས་པ་དང་།

    གཉིས་ནས་དག་ཐེར་གྱི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་དགོས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རིམ་ཁག་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་འགན་འཁུར་བ་དང་པོའི་འགན་འཁྲི་ཡག་པོ་བསྒྲུབས་ཏེ། རང་ཉིད་དངོས་སུ་ཞུགས་པ་དང་འགན་འཁྲི་དང་ལས་དོན་ཁྲོད་དོན་འཁྱོལ་ཐུབ་པ་བྱས་ཏེ། སྣེ་འཁྲིད་དེ་དག་ཐེར་ལ་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱས་ནས་དག་ཐེར་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པ།

    གསུམ་ནས་དག་ཐེར་བྱེད་ཐབས་ལ་དམ་འཛིན་ནན་པོ་དང་ཞིབ་ཚགས་བྱེད་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཚུར་ལན་བསམ་འཆར་གྱི་ཚད་གཞི་དང་ཡང་ཡང་བསྡུར་ནས་གནད་དོན་གྱི་རྒྱུ་རྐྱེན་ལ་དོན་དངོས་དང་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ་ལས་དོན་གྱི་བྱ་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། རིགས་དབྱེ་དང་རིམ་པ་བཞིན་དག་ཐེར་གྱི་བླང་བྱ་གསལ་པོ་བཟོས་ཏེ་ལས་ཀའི་རྩིས་ཐོ་བཟོ་བ་དང་། དག་ཐེར་གཅིག་བྱས་ཚེ་ཐོ་གཅིག་བསུབ་པ་དང་ལས་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ལས་དོན་ཚང་མར་ལན་ཡོད་པའི་འགན་ལེན་བྱེད་དགོས་པ་དང་། “ཕྱིར་མིག་བལྟས་པའི”ཚུར་ལན་གནད་དོན་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་བྱེད་རིང་བཏོན་པའི་གནད་དོན་ཕྱོགས་བསྡུས་བྱས་ནས་མཉམ་དུ་ཞིབ་འཇུག་དང་དག་ཐེར་བྱས་ཏེ་གཅིག་ཤེས་ཀུན་གྲོལ་ཐུབ་པ་བྱེད་དགོས་པ།

    བཞི་ནས་བཙན་ཞིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཤིང་། ཏང་ནན་པོས་སྐྱོང་རྒྱུ་དག་ཐེར་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་མངོན་གསལ་དོད་པོའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ་དང་གནད་དོན་གྱི་འབྱུང་རྐྱེན་གསལ་རྟོགས་བྱས་ཏེ། དགོས་པའི་ལས་མི་བྱེད་པ་དང་། འགན་འཁྲི་མི་འཁུར་བ། དག་ཐེར་མི་བྱེད་པའམ་ཡང་ན་གདམ་གའི་རང་བཞིན་གྱི་སྒོ་ནས་དག་ཐེར་བྱེད་པ་དང་། དེ་བཞིན་གནད་དོན་བདེན་པ་བདེན་ཐུབ་ཀྱིས་མི་ཤོད་པའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ།

    ལྔ་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས་ཤིང་། ད་ཐེངས་ཀྱི་དག་ཐེར་དོན་འཁྱོལ་ལས་དོན་གོ་སྐབས་སུ་བྱས་ནས“མཚམས་མི་འཇོག་པ་བཞིའི”བླང་བྱ་མཐའ་འཁྱོངས་ཀྱིས་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་སྐུལ་གཏོང་། ལས་ཞུགས་སྔོན་སྒྲུབ། བོད་སྐྱོར་རོགས་རམ། སྤྱི་ཚོགས་འགན་བཅོལ་ཐ་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་བྱས་ཏེ། མང་ཚོགས་དབུལ་པོ་རྒྱུན་མཐུད་ངང་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་ལྷག་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་མང་ཚོགས་དབུལ་པོ་དང་དབུལ་སྐྱོར་དང་འབྲེལ་བ་ཡོད་པའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་བྱེད་དགོས་པ་དང་། ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི“ཆུང་བ་དང་། ཁ་ཐོར། ནུས་མེད”བཅས་དང་ངོ་བོ་གཅིག་མཚུངས་ཅན་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་དུས་དང་བསྟུན་ནས་ལུང་གཞུང་དཔལ་འབྱོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྙིང་རུས་བརྟན་འཁྱོངས་དང་ཤུགས་སྣོན་ཆད་མེད། ལས་དོན་གཅིག་སྒྲུབ་པ་དང་གྲུབ་འབྲས་གཅིག་ཐོབ་པའི་འགན་ལེན་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ།

    དྲུག་ནས་བློ་སྐྱོར་དང་རིག་སྐྱོར་ཐད་མུ་མཐུད་ཤུགས་རྒྱག་དགོས་ཤིང་། ལྟོ་ཆས་ཀྱི་གནད་དོན་ལ་དོ་དམ་བྱེད་དགོས་ལ་བསམ་བློའི་ཐད་ལའང་དོ་དམ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་སློབ་གཞི་དེ་ཡག་པོ་སྤྱོད་པ་དང་བོད་ཀྱི་དབུལ་སྒྲོལ་གཏམ་རྒྱུད་ཡག་པོ་བཤད་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་མཚོ་ལས་ཟབ་པའི་བཀའ་དྲིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མང་ཚོགས་ཀྱི་སྒུག་བརྟེན་སློང་གསུམ་མི་བྱེད་པར་རང་སྟོབས་རང་སྤེལ་དང་དཀའ་སྤྱད་ཕྱུག་འགྱུར་གྱི་དཔེ་མཚོན་སྔོག་འདོན་བྱས་ནས་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་ཀྱི་སློབ་གསོ་རྒྱག་པ་དང་། སྲིད་ཇུས་ཞིབ་འཇུག་བྱས་ཏེ་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་དང་། ཕྱུག་འགྱུར་གྱི་ཡིད་ཆེས་ཆེ་རུ་འགྲོ་བ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།