ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཡུང་ཁྲོང་འཕེལ་རྒྱས་འཛུགས་སྐྲུན་ཚད་ཡོད་ཀུང་སིས“ལོ་མཇུག་གི་དུད་ཚང་དབུལ་པོའི་ཡོང་འབབ་བགོ་བཤའི”བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། ཀུང་སིའི་ཏུང་ཧྲི་ཀྲང་བག་གྲོས་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་དང་། རི་ཐང་གྲོང་རྡལ། རི་རོང་ཤང་། གཉལ་སྨད་ཤང་། ཞོལ་གསར་ཤང་བཅས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཡོང་འབབ་བགོ་བཤའ་བརྒྱབ་པ་རེད། ད་ཐེངས་ཀྱི་ཡོང་འབབ་བགོ་བཤའི་བྱེད་སྒོར“ཀུང་སི་དང་། དུད་ཚང་དབུལ་པོ། རྟེན་གཞི”བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་དུད་ཚང་དབུལ་པོར་ཡོང་འབབ་བགོ་བཤའ་བརྒྱབ་པ་དང་། ཡོང་འབབ་བགོ་བཤའི་མ་དངུལ་དེ་དག་དུད་ཚང་དབུལ་པོ་817གྱི་མི་2252དང་འབྲེལ་བ་ཡོད་ཅིང་། ཁྱོན་བསྡོམས་སྒོར་ཁྲི་106.2སྤྲད་པ་རེད།
ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་ཡུང་ཁྲོང་འཕེལ་རྒྱས་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་མངའ་འོག་གི་ཤ་ཚལ་སྒོང་གསུམ་གྱི་ལས་གྲྭ་དང་ལྷུན་རྩེ་རྫོང་གི་གཉལ་གཞུང་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གནད་སྨིན་དབུལ་སྐྱོར་ལས་ཀར་ཧུར་ཐག་ཞུགས་པ་དང་། གསོ་ཚགས་ལས་རིགས་ལ་བརྟེན་ནས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བས། ས་གནས་དེ་གའི་དུད་ཚང་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་དང་རམ་འདེགས་ཐུབ་སྟེ། སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། 2019ལོའི་ལོ་འཁོར་དུ་ཀུང་སིས་སླར་ཡང་སྣེ་འདྲེན་ཁེ་ལས་ཀྱིས་ཐོན་ལས་དབུལ་སྐྱོར་ལ་སྐུལ་ཁྲིད་བྱེད་པའི་གདོང་ལེན་ནུས་པ་འདོན་སྤེལ་བྱས་ནས་དུད་ཚང་དབུལ་པོར་ཡོང་འབབ་བགོ་བཤའ་བརྒྱབ་པ་རེད། དེའི་དམིགས་ཡུལ་ནི་ཡོང་འབབ་བགོ་བཤའ་རྒྱག་པའི་རྣམ་པའི་ཐོག་ནས་དུད་ཚང་དབུལ་པོར་གླ་ཆ་སྤྲོད་པ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་པར་བྱས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་འབབ་འཕར་གྱི་དཀའ་གནད་སེལ་ཆེད་རེད།