“རང་ཉིད་དབུལ་སྒྲོལ་ཕྱུག་འགྱུར་བྱེད་བསམ་ན། ‘སྒུག་རྟེན་སློང’གསུམ་གྱི་སྲོལ་རྒྱུན་གྱི་བསམ་བློར་འགྱུར་ལྡོག་གཏོང་བ་དང་བློ་ཁོག་ཆེན་པོས་ལས་ཀ་བྱས་ཏེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་ཚང་མར་དེ་བས་ལེགས་པའི་འཚོ་བ་དོན་གཉེར་བྱེད་ཐུབ་ལ་དེ་བས་ལེགས་པའི་འཚོ་བ་དང་སློབ་སྦྱོང་གི་ཁོར་ཡུག་ཀྱང་གཏོད་ཐུབ”ཅེས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོའི་འབྲོག་པ་བསམ་སྐྱིད་ཀྱིས་བཤད།
1985ལོར་བསམ་སྐྱིད་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོར་སྐྱེས་པ་དང་ནང་མི་ལྔ་ཡོད་པའི་ནང་ནས་ངལ་ནུས་ཡོད་མཁན་གཉིས་ལས་མེད། ཁྱིམ་དུ་སྒོ་ཕྱུགས་ཉུང་བ་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་མེད་པའི་ཁར་ཁྱིམ་ཚང་གི་ཡོང་འབབ་ཉུང་བ་དང་ངལ་རྩོལ་རྩལ་ནུས་མེད་པར་བརྟེན་སྨད་གླིང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད།
2016ལོར་གྲོང་ཚོ་ཨུ་ལྷན་གྱིས་སྔ་རྗེས་སུ་བསམ་སྐྱིད་ཀྱི་ཁྱིམ་དུ་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་ཐེངས་མང་ཡོང་ནས་རིན་མེད་ངང་ཚོང་ཁང་ཞིག་སྤྲད་པ་དང་འབྲེལ་སྒོར་ཁྲི་1.5གཡར་ཡོད། བསམ་སྐྱིད་ཀྱིས་ལོ་མང་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་ཁྱིམ་ཚང་གི་ཡོང་འབབ་ཀྱང་ལོ་རེ་བཞིན་འཕར་བ་རེད།
2018ལོའི་ཟླ་4པར་བསམ་སྐྱིད་ཀྱིས་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོའི་སྨི་ངོས་གྲུ་80ཡོད་པའི་བཀོད་སྒྲིག་ཁང་པར་སྤོས་པ་དང་། ཁང་པའི་ནང་གློག་དང་། ཆུ་ཀ་ལ། གསང་སྤྱོད། ཁྱིམ་ཆས། འཚོ་བའི་སྒྲིག་བཀོད་བཅས་གང་དགོས་ཚང་མ་ཡོད། ད་དུང་ཕྲུ་གུ་གསུམ་པོ་ཡང་ཡབ་མདའ་ཤང་སློབ་ཆུང་དུ་སློབ་གྲྭར་འགྲོ་རྒྱུ་བྱུང་ཡོད། སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོར་ཐོག་མར་སྤོ་སྐབས། བསམ་སྐྱིད་ཀྱིས་གནས་སྤོས་ས་ཚིགས་ཉེ་འགྲམ་གྱི་སྒོ་རྩིས་ཚོང་ཁང་ཞིག་ནང་གླ་པ་བྱས་པར་ཟླ་རེར་གླ་ཆ་སྒོར་3500ལེན་རྒྱུ་ཡོད། ཁོ་མོའི་བཟའ་ཟླ་པད་མ་རྒྱལ་པོས་རླངས་འཁོར་ཞིག་ཉོས་ཏེ་སྟོད་ལུང་བདེ་ཆེན་ཆུས་སུ་འགྲུལ་པ་སྐྱེལ་འདྲེན་དང་སྒོ་རྩིས་ཚོང་ཁང་ལ་དངོས་ཟོག་སྐྱེལ་རོགས་བྱེད་ཀྱི་ཡོད། 2018ལོར་བསམ་སྐྱིད་ཁྱིམ་གྱིས་གྲོང་ཁྱེར་དང་རྫོང་ཏང་ཨུད་དང་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་བྱས་ཏེ་རང་འགུལ་ངང་དབུལ་སྒྲོལ་དང་ལས་བརྩོན་ཕྱུག་འགྱུར་བྱས་པར་གྲུབ་འབྲས་མངོན་གསལ་དོད་པ་ཐོབ་ནས་2018ལོར་ཁྱིམ་ཚང་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་9000ལྷག་ཙམ་ཟིན་ཡོད།
བསམ་སྐྱིད་ཁྱིམ་གྱིས་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱེད་ཐབས་ཐོག་ནས་ལས་བརྩོན་ཕྱུག་འགྱུར་དང་རང་ཉིད་ལ་བརྟེན་ནས་དབུལ་པོའི་གནས་ལས་ཧུར་ཐག་སྒྲོལ་བའི་བྱ་སྤྱོད་ལས་མཐའ་འཁོར་མང་ཚོགས་ལའང་ཤུགས་རྐྱེན་བཟང་པོ་ཐེབས་ནས་སྙིང་གྲོང་ཤང་གི་དུད་ཚང་དབུལ་པོར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་བྱེད་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།