དབུ་ཤོག>ཆེད་སྒྲིག
  • སྒོ་རྩར་སྡེར་ཁ་བཟོས་ནས་རིམས་འགོག་དང་འབབ་འཕར་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སྐལ་བཟང་དཔལ་འབྱོར།   |     སྤེལ་དུས།  2020-03-02

    བོད་ཀྱི་ལོ་གསར་གོང་དུ། ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཁྲོམ་གཞུང་དྲིན་སྐྱོང་གླིང་སྡེ་ཁུལ་དུ་ཁ་རས་བརྒྱབ་པའི་མི་མང་པོ་ཞིག་གིས་ལོ་གསར་གྱི་སྡེར་ཁ་བཟོ་བཞིན་འདུག ལོ་44ལ་སླེབས་པའི་ཚེ་རིང་བག་གྲོས་སླ་ངའི་ནང་བསྲེག་བཞིན་པའི་སྡེར་ཁའི་ཁ་ཟས་ལ་ལྟ་བཞིན་གསར་འགོད་པར“འདི་ནི་སྡེར་ཁ་མཇུག་ཤོས་དེ་ཡིན། དེ་བསྲེགས་ཚར་རྗེས་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡིན”ཞེས་བརྗོད།

    ཟླ་2ཚེས་24ཉིན་ནི་བོད་ལྕགས་བྱི་ལོའི་ལོ་གསར་ཡིན་པ་དང་། ལོ་གསར་གྱི་གོང་དུ་སྡེར་ཁ་ཉོ་རྒྱུ་ནི་དུད་ཚང་ཚང་མའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་རེད། འོན་ཀྱང་ཏོག་གསར་གློ་ཚད་ལ་སྔོན་འགོག་ཚོད་འཛིན་བྱ་ཆེད་དེ་སྔའི་སྡེར་ཁ་བཟོ་སའི་ཚོང་ཁང་ཁ་ཤས་ཀྱི་སྒོ་བརྒྱབ་ཡོད། སྡེ་ཁུལ་གྱི་ཀྲུའུ་རེན་གཞོན་པ་ཚེ་རིང་བག་གྲོས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་སྡེ་ཁུལ་ལ་གྲོས་འགོ་བཏོན་ནས། ཡུལ་གཞན་དུ་གནས་སྤོས་དུད་ཚང་གིས་སྡེར་ཁ་བཟོ་བའི་སྒྲིག་འཛུགས་བྱས་ན། ཉེ་འགྲམ་གྱི་གྲོང་མིར་སྟབས་བདེ་བསྐྲུན་ཐུབ་པ་མ་ཟད། གནས་སྤོས་དུད་ཚང་གི་ཡོང་འབབ་ཀྱང་མང་དུ་གཏོང་ཐུབ་ཅེས་བརྗོད།

    “མིང་ཐོ་འགོད་མཁན་མང་པོ་ཡོད་ཀྱང་། སྡེར་ཁ་བཟོ་ཤེས་མཁན་ཉུང་ཉུང་རེད”ཅེས་ཚེ་རིང་བག་གྲོས་བརྗོད། དྲིན་སྐྱོང་གླིང་སྡེ་ཁུལ་དུ་ཡུལ་གཞན་དུ་གནས་སྤོས་དུད་ཚང་600ལྷག་ཡོད་པ་དེ་དག་ནི་ལྷུན་གྲུབ་རྫོང་དང་། ཁྲེང་ཀོན་ཆུས། མཁའ་འགྲུལ་ཁུལ་གསར་བཅས་ནས་ཡོང་བ་དང་། ཚེ་རིང་བག་གྲོས་མཐར་སྡེར་ཁ་བཟོ་མཁན་གྱི་ལག་རྩལ་མི་སྣ་གཉིས་དང་ལས་མི་དཀྱུས་མ་22བདམས་པ་རེད།

    མི་སྣ་གཏན་འཁེལ་བྱས་རྗེས། ཁོང་ཚོས་གྲོ་ཞིབ་དོ་པོ་250དང་སྣུམ་འགྱིག་དམ་10ཉོས་ཏེ་ཟླ་1ཚེས་15ཉིན་ནས་སྡེར་ཁ་བཟོ་འགོ་བརྩམས།

    ལོ་66ལ་སླེབས་པའི་རྡོ་རྗེ་ནི་ལག་རྩལ་མི་སྣ་གཉིས་ཀྱི་གྲས་ཤིག་ཡིན་ལ། ལོ་30གོང་ནས་སྡེར་ཁ་བཟོ་ཤེས་ཀྱི་ཡོད། “དེ་སྔོན་བོད་ཀྱི་ལོ་གསར་མ་ཤར་གོང་དུ་ང་རང་ལྷ་སར་སྡེར་ཁ་བཟོ་བར་འགྲོ་ཡི་ཡོད། དེ་དུས། ཟླ་རེར་གླ་ཆ་སྒོར་7000ཡོད་པ་དེ་ཁྱིམ་གྱི་ལོ་གཅིག་གི་ཡོང་འབབ་གཙོ་བོ་རེད”ཅེས་བརྗོད།

    ད་ཐེངས་ལོ་གསར་གཏོང་བར་གནས་ཚུལ་དམིགས་བསལ་ཡིན་པས་རྡོ་རྗེར་སྡེར་ཁ་བཟོ་ས་རྙེད་མེད།

    “འདི་ལོ་གླ་པ་རྒྱུག་ས་མེད་པའི་སེམས་ཁྲལ་བྱེད་པའི་སྐབས་ཀྲུའུ་རེན་བག་གྲོས་ང་རང་སྡེར་ཁ་བཟོ་བར་སྐད་བཏང་བྱུང་། འདི་ནི་ང་ལ་བྱང་ཆ་ཡོད་པའི་ལག་རྩལ་ཞིག་ཡིན་པས་ཧ་ཅང་དགའ་པོ་བྱུང”ཞེས་རྡོ་རྗེས་བརྗོད།

    སྡེར་ཁ་རེར་རིན་གོང་སྒོར་100ནས་སྒོར་200བར་ཡིན་པ་དང་། ཉོ་མཁན་མང་ཆེ་ཤོས་ནི་སྡེ་ཁུལ་གཞན་གྱི་གྲོང་མི་རེད། ཚེ་རིང་བག་གྲོས“སྡེར་ཁ་མང་པོ་ཉོ་མཁན་དང་ལམ་ཐག་རིང་པོ་ཡིན་ཚེ་སྡེ་ཁུལ་གྱི་རླངས་འཁོར་གྱིས་སྐྱེལ་གྱི་ཡོད་ལ། ཉོ་མཁན་ཉུང་བ་དང་ལམ་ཐག་ཉེ་སར་ལས་མིས་སྐྱེལ་གྱི་ཡོད། སྡེར་ཁ་སྐྱེལ་ཐེངས་རེར་ང་ཚོས་སྒོར་5ཡི་ལམ་དངུལ་ཡང་སྤྲོད་ཀྱི་ཡོད”ཅེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་ཉིན་གཅིག་ལ་ཆ་སྙོམས་སྡེར་ཁ་150བཟོ་ཐུབ་ཀྱི་ཡོད་ལ། ལོ་གསར་སྔོན་དུ་སྡེར་ཁ་5000བཟོས་ཡོད། “ད་ཆ་སྡེར་ཁ་ཚང་མ་བཙོང་ཚར་སོང་། ཁེ་སྤོགས་ད་དུང་རྩིས་བརྒྱབ་མེད། སྔོན་རྩིས་བྱས་ན་ལག་རྩལ་མི་སྣ་གཉིས་ལ་མི་རེར་གླ་ཆ་སྒོར་7000དང་། ལས་མི་དཀྱུས་མ་མི་རེར་གླ་ཆ་སྒོར་3000ཙམ་ཟིན་བཟོ་ཡོད”ཅེས་ཚེ་རིང་བག་གྲོས་བརྗོད།

    “ང་ཚོས་མཉམ་སྡེབ་ཐོག་སྡེར་ཁ་བཟོ་རྒྱུ་སྒྲིག་འཛུགས་བྱས་པ་ལས་ཡུལ་གཞན་དུ་གནས་སྤོས་མང་ཚོགས་སྒོ་རྩར་ལས་ཞུགས་ཐུབ་ནས་འབབ་འཕར་བྱུང་བ་དང་ཆབས་ཅིག ཕྱི་རོལ་དུ་འགྲོ་ཉུང་དུ་གང་ཐུབ་བཏང་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་ཡང་མཐུན་ཡོད”ཅེས་དྲིན་སྐྱོང་གླིང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་བསྟན་དར་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།