ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གིས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་སྟེ་དུད་ཚང་དབུལ་པོ་214ལ་རོགས་སྐྱོར་བྱས་ནས་མི་གྲངས་1029དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱས་ཤིང་། འདི་ནི་གཞིས་རྩེའི་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྐྱེད་ཚལ་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ས་གནས་དེ་གའི་ལས་མིས་ཨོ་སུན་གྱི་མྱུ་གུ་རྩ་སྤོས་རྒྱག་བཞིན་པ།
དཔྱིད་གསར་དུས་ཆེན་རིང་གི་ཆུ་མདོ་རྒྱང་གྲོང་ཚོའི་འདབས་ཀྱི་རི་སྟེང་གི་རྩྭ་སྐྱ་ཐིང་ཐིང་དུ་གྱུར་བ་དང་རི་རྩེ་ཁ་བས་བཀླུབས་མོད། འོན་ཀྱང་གྲོང་ཚོའི་ནང་གི་གཞུང་ལམ་གཙང་ཞིང་ཁང་པ་གྲལ་སྟར་སྒྲིག་པོས་གནས་ཡོད། ཁང་པའི་ཕྱི་ནང་ཚང་མ་གཙང་ཐིང་ངེར་གནས་པ་མ་ཟད། དུད་ཚང་མི་རེ་ངོ་རེའི་ཐོག་ཁའི་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པས་གྲོང་ཚོ་དེ་ལྷག་པར་མཛེས་སྡུག་ལྡན་པ་ཞིག་མངོན།
“དེ་སྔ་གྲོང་ཚོའི་ནང་དེ་འདྲ་མིན། ‘བཙོག་ཟིང་ཞན’གསུམ་གྱི་སྣང་ཚུལ་ཚབས་ཆེ་བ་དང་། མང་ཚོགས་ཚོའི་འཕྲོད་བསྟེན་གྱི་འདུ་ཤེས་ཟབ་མོ་མེད་པ། གད་སྙིགས་གང་སར་དབྱུགས་པ། ཅ་དངོས་གང་སར་འཇོག་པ། ཁང་པའི་ནང་དུ་བསྡུ་གསོག་མི་རྒྱག་པ། ཁང་པའི་ཕྱིར་གཙང་སྦྲ་བྱེད་འདོད་མེད་པ། སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་ལ་དེ་བས་དོ་དམ་བྱེད་མཁན་མེད”ཅེས་མིག་སྔར་གསར་འགོད་པ་ཆུ་མདོ་རྒྱང་གྲོང་ཚོར་བཅར་འདྲི་བྱེད་པར་སྐྱོད་སྐབས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་སྟོབས་རྒྱལ་གྱིས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས་བྱུང་།
བསོད་ནམས་སྟོབས་རྒྱལ་ནི་འདི་ལོ་ལོ་55ལ་སླེབས་ཤིང་། གཟུགས་པོ་རིང་པོ་དེ་ཙམ་མེད་པའི་ཁར་ངོ་གདོང་གྲུ་བཞི་ཡིན་པས་འབྲོག་པ་འབྲོག་རྐྱང་ཞིག་ཡིན། “གྲོང་ཚོར་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བ་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་རྒྱུའི་འབོད་སྐུལ་གནང་བ་ལས་བྱུང་བ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཆུ་མདོ་རྒྱང་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས་བབ་ཆགས་པའི་ཁོང་གིས་དེ་ལྟར་བརྗོད།
བསོད་ནམས་སྟོབས་རྒྱལ་གྱིས་གསར་འགོད་པར། སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཚུན་གྲོང་ཚོ་དང་དེ་བཞིན་མཐའ་འཁོར་གྱི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་སོང་ཞེས་བཤད་བྱུང་།
“དེ་ནི་ཕྱོགས་གཅིག་ནས་ཏང་དང་སྲིད་གཞུང་གིས་མཐོང་ཆེན་གནང་བའི་གྲུབ་འབྲས་ཡིན་ལ། ཕྱོགས་གཞན་ཞིག་ནས་མང་ཚོགས་ཚོས་རང་ངོས་གསར་བརྗེ་བྱས་པའི་གྲུབ་འབྲས་ཀྱང་ཡིན། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག གྲོང་ཚོའི་ནང་གི་མང་ཚོགས་12གཙང་སྦྲ་བར་གྱུར་པ་དང་མི་རེར་ཟླ་རེར་ཡོང་འབབ་སྒོར་3500ཡོད”ཅེས་བསོད་ནམས་སྟོབས་རྒྱལ་གྱིས་གསར་འགོད་པར་བཤད་བྱུང་།
མང་ཚོགས་ཚོའི་འཕྲོད་བསྟེན་གྱི་གོམས་གཤིས་ལ་འགྱུར་ལྡོག་བྱུང་རྗེས། ཆུ་མདོ་རྒྱང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཀྱང་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་གོམ་སྟབས་མགྱོགས་སུ་བཏང་ཡོད།
“ལྕགས་ཚ་ཐོག་ཏུ་བརྡུངས་ན་ལེགས་པའི་དཔེ་ལྟར། ང་ཚོས་གཙང་སྦྲ་ཆེན་པོ་ཞིག་བྱེད་རྒྱུའི་ཐག་བཅད་ནས་གྲོང་ཚོ་ཕྱི་ནང་གི་གད་སྙིགས་ཚང་མ་གཙང་སེལ་བྱས་པ་དང་། མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས‘བཙོག་ཟིང་ཞན’གསུམ་མེད་པ་བཟོས་ཡོད། གྲོང་ཚོའི་སྐྱེས་པ་ལོ་18ནས་ལོ་55བར་དང་བུད་མེད་ལོ་18ནས་ལོ་50བར་ཚང་མ་བྱེད་སྒོ་དེའི་ནང་ཞུགས་སུ་བཅུག་སྟེ། བསྟུད་མར་ཉིན་ལྔ་འབད་འཐབ་ཀྱིས་གྲོང་ཚོའི་མཐའ་འཁོར་གྱི་གཞུང་ལམ་དང་ལྷག་པར་དུ་ཉེ་འགྲམ་གྱི་གཙང་པོ་དང་རི་འདབས་ཀྱི་གད་སྙིགས་ཚང་མ་གཙང་སེལ་བྱས་པ་ཡིན”ཞེས་བསོད་ནམས་སྟོབས་རྒྱལ་གྱིས་བཤད།
དུས་ཡུན་རིང་པོའི་ནང་ཆུ་མདོ་རྒྱང་གྲོང་ཚོའི་མང་ཚོགས་ཚོར་གད་སྙིགས་གཙང་འགྲམ་དང་རི་འདབས་སུ་དབྱུགས་པའི་གོམས་གཤིས་ངན་པ་འཇགས་ཡོད། མང་ཚོགས་ཚོའི་གོམས་གཤིས་དེ་དག་ལ་འགྱུར་ལྡོག་གཏོང་ཆེད། ཆུ་མདོ་རྒྱང་གྲོང་ཚོས་འཕྲོད་བསྟེན་སྐོར་སྐྱོད་དར་དམར་གྱི་དཔྱད་བསྡུར་བྱེད་སྒོ་སྤེལ་བ་རེད།
གསར་འགོད་པ་ཆུ་མདོ་རྒྱང་གྲོང་ཚོར་འབྱོར་སྐབས། འཕྲོད་བསྟེན་སྐོར་སྐྱོད་དར་དམར་ཐོབ་མཁན་ནི་ཚེ་རིང་བདེ་སྐྱིད་ཁྱིམ་ཡིན་པ་རེད།
ཚེ་རིང་བདེ་སྐྱིད་ཁྱིམ་ནི་ཐོག་སོ་ཉིས་ལྡན་གྱི་སྒོ་ར་རང་འགྲིག་གི་སྡོད་ཁང་ཡིན། སྒོ་རའི་ནང་གི་བཀོད་པ་གོ་རིམ་ལྡན་པ་ཞིག་ཡོད་པས་བལྟས་པ་ཙམ་གྱིས་དེ་ནི་བསྡུ་གསོག་ཡག་པོ་བརྒྱབ་པ་ཞིག་ཡིན་པ་མངོན་ཐུབ། ཁང་པའི་ནང་གཙང་མ་གཙང་རྐྱང་ཡིན་པས་ཡར་འཛུལ་བ་ཙམ་གྱིས་དྲོ་སྐྱིད་ལྡན་པའི་ཚོར་སྣང་ཞིག་སྦྱིན། “ད་ཆ་གྲོང་ཚོའི་ཁྱིམ་ཚང་ཚང་མས་གཙང་སྦྲ་ཡག་པོ་བྱེད་ཀྱི་ཡོད། གཙང་སྦྲ་མ་བྱས་ཚེ་མི་གཞན་རང་ཁྱིམ་དུ་འབོད་ནུས་ཀྱི་མིན་འདུག”ཅེས་གྲོང་ཚོའི་འགྱུར་ལྡོག་གླེང་བཞིན་འཚེར་སྣང་ཆེ་བའི་བུད་མེད་དེས“སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཡག་པོ་བྱུང་སོང་། གལ་ཏེ་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་མེད་ཚེ། ཆུ་མདོ་རྒྱང་གྲོང་ཚོར་ཡང་ད་ཆའི་འགྱུར་ལྡོག་དེ་འདྲ་ཡོང་མི་སྲིད”ཅེས་བཤད།
“གོམ་སྟབས་རྗེས་མར། ང་ཚོས་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དུས་མཚུངས། མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བྱ་སྤྱོད་ངོ་མའི་ཐོག་འཁྱོལ་བ་བྱས་ནས་ས་མཐོར་མངོན་པ་བྱེད་རྒྱུ་ཡིན”ཞེས་བསོད་ནམས་སྟོབས་རྒྱལ་གྱིས་ཡིད་ཆེས་ཀྱི་ཁེངས་བཞིན་དུ་གསར་འགོད་པར་ཆུ་མདོ་རྒྱང་གྲོང་ཚོའི་འཕེལ་རྒྱས་ཀྱི་འཆར་འགོད་གླེང་།