དབུ་ཤོག>ཆེད་སྒྲིག
  • ས་བབ་མཐོ་ཚད་སྨི་4800ཡོད་པའི་རི་གྲོང་གི་འཕོ་འགྱུར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཁྲེན་ཧྲང་ཚའེ་དང་ཧའུ་ཅེ་ཡིས།   |     སྤེལ་དུས།  2020-02-15

    707288_yis_1581651601417_s.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གྲོང་གི་མིག་དམར་ཁུལ་ཆུང་ཉེ་འགྲམ་དུ་ཡོད་པའི་དབུལ་སྐྱོར་མཉམ་ལས་ཁང་དུ་སྟོན་པའི་ས་གནས་དེ་གའི་གྲོང་མིས་བཟོས་པའི་ལག་ཤེས་ཐོན་རྫས་ཡིན་པ།

    མིག་དམར་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གྲའུ་ཤང་གི་རི་གྲོང་ཆུང་ཆུང་ཞིག་ཡིན་ཞིང་། དེ་གར་ས་བབ་མཐོ་ཚད་སྨི་4800ཡོད་པ་དང་། འཚོ་གནས་ཁོར་ཡུག་གི་ཆ་རྐྱེན་ཞན་པ། རང་བྱུང་ཐོན་ཁུངས་ཁ་ཐང་བ་བཅས་ཡིན་པས། དུད་ཚང་46གི་མང་ཚོགས་244ཡི་ཐོན་སྐྱེད་དང་འཚོ་བར་འགན་ལེན་ཐུབ་ཀྱི་མེད་ལ། དབུལ་སྒྲོལ་གྱི་དཀའ་གནད་ཀྱང་དེ་བས་ཆེན་པོ་ཡོད། 2016ལོའི་ཟླ་10པར། མིག་དམར་གྲོང་ཚོ་ཡོངས་ལྷ་རྩེ་རྫོང་གྲོང་དུ་སྤོས་པ་དང་། དུས་དེ་ནས་བཟུང་ས་བབ་མཐོ་བའི་རི་གྲོང་དེར་སྔར་ན་མེད་པའི་འཕོ་འགྱུར་བྱུང་ཡོད།

      དགུན་དུས་གཙང་ཁུལ་གྱི་ས་གཞི་ཆེ་མོར་ཉི་འོད་རབ་ཏུ་འཚེར། དཀར་དམར་མཉམ་བསྲེས་ཀྱི་ཐོག་སོ་ཉིས་ཅན་གྱི་བོད་ཁང་གྲལ་སྟར་སྒྲིག་པོས་ལྷ་རྩེ་རྫོང་གྲོང་གི་ཉེ་འགྲམ་དུ་ཆགས་ཡོད་པ་དང་། ཁུལ་ཆུང་གི་རྒྱལ་སྒོའི་སྟེང“མིག་དམར་ཁུལ་ཆུང”ཞེས་མངོན་གསལ་དོད་པའི་ཡིག་འབྲུ་བཞི་བྲིས་འདུག

      ལོ་31ལ་སླེབས་པའི་ཆོས་འཕེལ་ཚེ་རིང་གིས་ཞོགས་སྔ་པོ་མལ་ལས་ལངས་ཏེ། རང་ཁྱིམ་གྱི་གཡབ་འཁོར་ནང་མེ་ཁ་གསོ་བཞིན་ནང་མི་ཚོར་ཞོགས་ཇ་མངར་མོ་བཟོ་འགོ་བཙུགས། ལོ་3གྱི་གོང་དུ་ཁོང་ཚོ་ས་བབ་མཐོ་ཚད་སྨི་4800ཡོད་པའི་རི་ཁུལ་དུ་འཚོ་བ་བསྐྱལ་ཞིང་། འཚོ་རྟེན་གཙོ་བོ་ནི་འབྲོག་ལས་དང་། སྡོད་ས་ནི་རྡོ་དང་ཤིང་ལས་གྲུབ་པའི་ཉེན་ཆེའི་ཁང་པ། འཐུང་ཆུ་ནི་མི་ཕྱུགས་གཉིས་ཀས་སྤྱོད་པའི་གངས་འཁྱགས་བཞུར་ཆུ་བཅས་ཡིན་པ་མ་ཟད། གློག་སྤྱོད་སྐབས་ཀྱང་འོད་ཤུགས་གློག་ཆས་ཆུང་ངུ་ཞིག་ལ་བརྟེན་དགོས་ཀྱི་ཡོད་པ་དང་ཀྱག་ཀྱོག་གི་ས་རྡོའི་ལམ་ནི་ཕྱིར་ཐོན་པའི་ལམ་བུ་འབའ་ཞིག་དེ་རེད།

      ས་བབ་མཐོ་ལ་ཐོན་སྐྱེད་དང་འཚོ་བ་དཀའ་ཚེགས་ཆེ་བའི་མིག་དམར་གྲོང་ཚོར་ཇི་ལྟར་བྱས་ཏེ་འགྱུར་ལྡོག་གཏོང་དགོས་སམ། བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་། མིག་དམར་གྲོང་ཚོ་སྔོན་ལ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱ་རྒྱུར་གྲོས་འཆམ།

      གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མས་སྐབས་དེ་དུས་ཀྱི་གནས་སྤོས་གནས་ཚུལ་ད་དུང་ཡང་ཡིད་ལ་ཝ་ལེར་དྲན་གྱི་ཡོད་པ་སྟེ། དེ་གར་སེམས་ཚ་འཁོལ་བའི་རྫོང་གྲོང་གི་མང་ཚོགས་དང་སྣོད་བཅུད་སྡོད་མལ་གྱི“མིག་དམར་ཁུལ་ཆུང”ཡོད་པ་དང་། ཁུལ་ཆུང་ནང་རིག་གནས་བྱེད་སྒོའི་ཐང་ཆེན་དང་། སྤྲོ་གསེང་ཁུལ། སྔོ་ལྗང་ཁུལ་སོགས་གང་དགོས་ཆ་ཚང་ཡོད། ཁང་པ་གསར་པ་དག་ནི་དཔེ་མཚོན་ཅན་གྱི་ཐོག་སོ་ཉིས་ཅན་གྱི་བོད་ཁང་ཤ་སྟག་ཡིན་ཞིང་། ཁང་པའི་ནང་ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད། མཛོད་ཁང་སོགས་ཆ་ཚང་པོ་ཡོད།

      ཆོས་འཕེལ་ཚེ་རིང་གིས་ད་ཆའི་འཚོ་བར་ཧ་ཅང་ཡིད་མགུ་པོ་བྱེད་ཀྱི་ཡོད། ད་ཆ་ཁོང་དང་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་གྱི་བུ་མོ་ཐག་ལགས་གཉིས་པོ་གཉེན་སྒྲིག་བྱས་པ་དང་། བཟའ་ཟླས་ཕྱིར་གླ་པར་སྐྱོད་པ་དང་ཁོང་ཉེ་འགྲམ་གྱི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་ལས་ཀར་འགྲོ་ཡི་ཡོད། ཁོ་གཉིས་ལ་ལོར་གླ་ཕོགས་སྒོར་ཁྲི་5ལྷག་ཙམ་ཡོད་པའི་ཁར། སྲིད་ཇུས་ཀྱི་ཁ་གསབ་ཡོད་པས་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད།

      ད་ཆ་མིག་དམར་གྲོང་ཚོའི་མང་ཚོགས་30དབུལ་སྐྱོར་ཐོན་ལས་གླིང་གི་མཉམ་ལས་ཁང་དུ་ལས་ཞུགས་བརྟན་པོ་ཐུབ་སྟེ་རང་ཁྱིམ་གྱི་སྒོ་ཁ་ནས་ཕྱུག་འགྱུར་གྱི་ལམ་བུ་རྙེད་ཡོད།

      དེ་གར་སྤོས་རྗེས་དེ་སྔའི་མིག་དམར་གྲོང་ཚོས་གང་འདྲ་བྱེད་དགོས་སམ།

      “མ་གཞི་སྡོད་ས་དེ་གར་སྤོས་རུང་ང་ཚོའི་འབྲོག་ར་དང་ཕྱུགས་ཟོག་ཚང་མ་ཕ་གིར་ཡོད། དེས་ན་ང་ཚོས་ནོར་ལུག་མཉམ་ལས་ཁང་ཞིག་བཙུགས་ཏེ་གཅིག་གྱུར་དོ་དམ་དང་གཉེར་སྐྱོང་བྱ་རྩིས་ཡོད”ཅེས་པད་མས་བཤད།

      2019ལོའི་ཟླ་6པར། མིག་དམར་གྲོང་ཚོའི་ནོར་ལུག་མཉམ་ལས་ཁང་དངོས་སུ་བཙུགས། གྲོང་མི་ཚོས་ནོར་ལུག་དང་དེ་བཞིན་དངུལ་སྨར་སོགས་ཀྱི་ལམ་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དང་། མ་རྐང་འཛིན་མཁན་གྱི་བསྡུར་ཚད་གཞིར་བཟུང་ལོ་མཇུག་གི་བགོ་འགྲེམས་རྒྱག་གི་ཡོད། གྲོང་ཚོ་ཡོངས་ཀྱི་དུད་ཚང་45ཡི་མི་240ཡིས་ལུག་མགོ་གྲངས་1629དང་མ་དངུལ་སྒོར་ཁྲི་140ཙམ་མ་འཇོག་བྱས་ཡོད།

      པད་མས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་ལས་ཁང་ལ་ཁེ་བཟང་བྱུང་བའི་ནང་ནས་65%མ་རྐང་ནང་ཞུགས་མཁན་ལ་བགོ་འགྲེམས་རྒྱག་གི་ཡོད་པ་དང་། 20%མཉམ་ལས་ཁང་གི་འཕེལ་རྒྱས་ཐེབས་རྩར་བྱེད་པ། 10%ཁྱིམ་ཚང་དབུལ་པོར་རོགས་སྐྱོར་བྱེད་པར་སྤྱོད་པ། ལྷག་མ་5%གསོ་སྦྱོང་ཐད་སྤྱོད་ཀྱི་ཡོད། དེ་དང་ཆབས་ཅིག གྲོང་ཚོས་དར་རྒྱས་སོགས་མི་6ཕྱུགས་རྫིར་བདམས་ནས་མི་རེར་ཉིན་གླ་སྒོར་80སྤྲོད་ཀྱི་ཡོད།

      ལོ་16ལ་སླེབས་པའི་པ་སངས་སྒྲོལ་མས། གྲའུ་ཤང་སློབ་ཆུང་འགྲིམ་སྐབས་ང་རང་དེ་སྔའི་མིག་དམར་གྲོང་ཚོར་སྡོད་ཀྱི་ཡོད། སློབ་གྲྭར་འགྲོ་རིམ་བཞིན་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་བསྡད་དེ་ཀྱག་ཀྱོག་གི་ས་རྡོའི་ལམ་འཕྲང་རེ་རེ་བརྒྱུད་དགོས་པས་སྐྱུག་པ་ཤོར་བ་སོགས་མི་བདེ་བ་ཡོང་གི་འདུག འགྲིམ་འགྲུལ་ལས་འཛོལ་ཐོན་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡང་ཆེན་པོ་ཡོང་གི་འདུག ད་ཆ་ང་རང་རྫོང་གྲོང་སློབ་འབྲིང་དུ་ལོ་རིམ་གསུམ་པ་འགྲིམ་ཀྱི་ཡོད། ཁྱིམ་ཡང་སློབ་གྲྭའི་ཉེ་འགྲམ་དུ་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་གསར་འགོད་པར་བཤད་བྱུང་།

      “ད་ཆ་ངའི་སློབ་སྦྱོང་སྦྱངས་འབྲས་ལེགས་ཙམ་ཡོད་པས། དུས་སང་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་དང་པོར་རྒྱུགས་འཕྲོད་པའི་ཡིད་ཆེས་ཡོད། ཕྱིས་འབྱུང་ནང་སའི་ཉེན་རྟོག་སློབ་ཆེན་ཞིག་ལ་ཚུད་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་པ་སངས་སྒྲོལ་མས་ངོ་ཚ་སྨིན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།